དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་གསར་པ་བདམས་ཐོན་བྱུང་བ།
ས་གནས་དེ་གའི་དུས་ཚོད་ཚེས་9ཉིན། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། དབྱི་རན་གྱི་རིགས་གཅིག་མཁས་པའི་ཚོགས་འདུའི་ཐོག་མུའུ་ཅེ་ཐ་པ·ཧ་མའེ་ནེ་དབྱི་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་གསར་པར་གཏན་འཁེལ་བྱས་ཡོད་པ་རེད།
ཡོངས་བསྒྲགས་བྱས་པའི་དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། མུའུ་ཅེ་ཐ་པ·ཧ་མའེ་ནེ་དབྱི་ནི་1969ལོར་སྐྱེས་ཤིང་། འདས་ཟིན་པའི་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཨ་ལི·ཧ་མའེ་ནེ་དབྱིའི་བུ་གཉིས་པ་ཡིན་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་28ཉིན། ཨ་ལི·ཧ་མའེ་ནེ་དབྱི་ནི་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་འཇབ་རྒོལ་བྱས་པའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད། 1978ལོ་ནས་1979ལོའི་བར། ཆོས་ལུགས་མི་སྣ་ཧོ་མའེ་ཉི་ཡིས་དབྱི་རན་དབྱི་སི་ལན་གསར་བརྗེར་འགོ་ཁྲིད་བྱས་ཏེ་པ་ལེ་ཝེ་རྒྱལ་རབས་མགོ་རྟིང་བསློགས་པ་དང་། 1979ལོའི་ཟླ་4ཚེས་1ཉིན། དབྱི་རན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལག་བསྟར་བྱས་ཤིང་། ཧོ་མའེ་ཉི་ཡིས་ཆེས་མཐོའི་གཙོ་འཛིན་ཐོག་མའི་འགན་ཁུར་ཡོད། 1989ལོར། ཧོ་མའེ་ཉི་ནད་ཀྱི་རྐྱེན་གྱིས་གྲོངས་པ་དང་། དེ་སྔའི་ཙུང་ཐུང་ཧ་མའེ་ནེ་དབྱི་ཡིས་དེའི་ཚབ་ཏུ་ཆེས་མཐོའི་གཙོ་འཛིན་གྱི་འགན་ཁུར་བ་རེད།

དབྱི་རན་གྱི་རྩ་ཁྲིམས་ལྟར་ན། ཆེས་མཐོའི་གཙོ་འཛིན་ལ་རིགས་ཁག་གི་བྱ་དོན་གལ་ཆེན་གྱི་མཐའ་མའི་ཐག་གཅོད་དབང་ཆ་ཡོད་པ་མ་ཟད། དབྱི་རན་གྱི་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་སྤྱི་ཁྱབ་དམག་སྤྱིའི་འགན་འཁུར་གྱི་ཡོད།
དབྱི་རན་གྱི་རིགས་གཅིག་མཁས་པའི་ཚོགས་འདུ་ནི་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་འདེམས་བསྐོ་དང་ལྟ་སྐུལ། གནས་དབྱུང་གཏོང་བ་བཅས་ལ་འགན་འཁུར་བའི་ཆེས་མཐོའི་དབང་ཆའི་ལས་ཁུངས་ཤིག་རེད།
དབྱི་རན་གྲོས་ཚོགས་ཀྱི་གྲོས་དཔོན་ཁ་ལི་པ་ཧྥུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་ཐོ་རེངས་སུ། དབྱི་རན་གྱི་རིགས་གཅིག་མཁས་པའི་ཚོགས་འདུའི་ཐོག་མུའུ་ཅེ་ཐ་པ·ཧ་མའེ་ནེ་དབྱི་ཆེས་མཐོའི་གཙོ་འཛིན་ལ་འདེམས་བསྐོ་བྱས་པའི་ཐག་གཅོད་དེ་“གནད་སྨིན་དང་ཁ་གསལ་”ཞིག་ཡིན་ཞེས་བརྗོད་པ་དང་། ཁ་ལི་པ་ཧྥུའུ་ཡིས། མུའུ་ཅེ་ཐ་པ·ཧ་མའེ་ནེ་དབྱི་ནི་ལྷག་བསམ་དག་པ་དང་། གསར་བརྗེའི་རང་བཞིན་ལྡན་པ། མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ། སྲིད་འཛིན་ནུས་པ་དང་ཐོན་ཁུངས་བསྡུ་སྒྲིལ་ནུས་པ་ལྡན་པ་བཅས་ཀྱི་འགོ་ཁྲིད་ཅིག་ཡིན་ཞིང་། དུས་རབས་ཀྱི་འཕེལ་ཚུལ་དང་དགྲ་བོའི་གནས་ཚུལ་གསལ་པོར་རྟོགས་ལ། སྤྱོད་ཚུལ་བབ་ཆགས་ཅན་ཞིག་ཀྱང་ཡིན་ཞེས་བརྗོད་ཡོད།
དབྱི་རན་དབྱི་སི་ལན་གསར་བརྗེའི་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། མུའུ་ཅེ་ཐ་པ·ཧ་མའེ་ནེ་དབྱི་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། རིགས་གཅིག་མཁས་པའི་ཚོགས་འདུའི་ཐག་གཅོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། ཚེ་རྡོར།
















