ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་གྱི་དམག་དོན་སྒྲིག་བཀོད་ཆེ་གྲས་དང་དམག་གྲུ་སོགས་ཀྱི་དམིགས་འབེན་ལ་རྡུང་རྡེག་བཏང་བ་དང་། དབྱི་རན་གྱིས་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་ཐོག་ཁང་དང་རྒྱལ་སྤྱིའི་གནམ་ཐང་ལ་རྒོལ་ལན་བསློགས་ཡོད་ཅེས་བརྗོད་པ།

2026-03-05 09:40:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རན་ཕྱོགས་ཀྱིས་ཚེས་4ཉིན་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་“བཙན་འཛུལ་དང་དམག་དོན་ཚུར་རྒོལ་”བྱས་ནས་དབྱི་རན་པ་1045རྐྱེན་ལམ་དུ་བཏང་ཡོད་ཅེས་དང་། ཨ་རི་དང་དབྱི་སི་རལ་གྱིས་ཉིན་དེར་དབྱི་རན་གྱི་ཨ་ཟེར་བྷེ་ཇན་ནུབ་མ་མངའ་སྡེའི་ཝུའུ་ལུའུ་སྨི་ཡེ་རུ་གནས་པའི་བུ་མོའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཡོད་པ་དང་།  ཚེས་4ཉིན་གྱི་དགོང་མོ་ནས་འགོ་འཛུགས་འཆར་ཡོད་པའི་འདས་ཟིན་པའི་ཆེས་མཐོའི་གཙོ་འཛིན་ཧ་མའེ་ནེ་དབྱིའི་ཁ་གྱེས་མཛད་སྒོ་ནར་འགྱངས་བྱེད་དགོས་བྱུང་ཞིང་། དབྱི་རན་གྱིས་ཆེས་མཐོའི་གཙོ་འཛིན་གྱི་འོས་མི་ཁག་གཅིག་གཏན་འཁེལ་བྱས་ཟིན་ཡོད་ཅེས་བརྗོད་ཡོད།  
ཚེས་4ཉིན་གྱི་དགོང་མོ་དབྱི་སི་རལ་རྒྱལ་སྲུང་དམག་གིས་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་ཤར་རྒྱུད་ཀྱི་དམག་དོན་སྒྲིག་བཀོད་ཆེ་གྲས་ཤིག་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་ཁྱབ་བསྒྲགས་བྱས་ཡོད། དབྱི་སི་རལ་དམག་གིས་མིག་སྔར་དབྱི་རན་ལ་མཁའ་རྒོལ་བྱས་པའི་ནང་འབར་མདེལ་5000ལྷག་ཙམ་འཕེན་གཏོང་བྱས་ཡོད་པ་དང་། ཨ་རིའི་ཕོ་བྲང་དཀར་པོས་ཚེས་4ཉིན་ཨ་རིའི་དམག་གིས་དམིགས་འབེན་2000ལྷག་ཙམ་ལ་རྡུང་རྡེག་བཏང་ཞིང་། ཆུར་འཛུལ་དམག་གྲུ་གཅིག་བཅས་ཚུད་པའི་དབྱི་རན་གྱི་དམག་གྲུ་20ལྷག་ཙམ་གཏོར་བརླག་བཏང་ཡོད་ཅེས་བརྗོད་ཡོད།  སི་རི་ལན་ཁའི་ཕྱི་འབྲེལ་པུའུ་ཀྲང་གིས་ཉིན་དེར་སི་རི་ལན་ཁའི་མཚོ་དམག་གིས་ཨ་རིའི་དམག་གི་འཇབ་རྒོལ་ཕོག་པའི་དབྱི་རན་གྱི་དམག་གྲུའི་ཉེ་འགྲམ་ནས་ཕུང་པོ་87རྙེད་ཡོད་པ་གཏན་འཁེལ་བྱས་ཡོད། 
དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་ཚེས་4ཉིན་གྱི་དགོང་མོ་རེས་སྐོར་བཅོ་བརྒྱད་པའི་རྒོལ་ལན་སྤྲོད་པའི་བྱ་སྤྱོད་སྤེལ་འགོ་ཚུགས་ཡོད་ཅིང་། འདས་ཟིན་པའི་ཆུ་ཚོད་24ཡི་ནང་ཨ་རི་དང་དབྱི་སི་རལ་གྱི་མི་མེད་གནམ་གྲུ་35གཏོར་ལྷུང་བཏང་ཡོད་པ་དང་། དབྱི་རན་གྱིས་འཕེན་གཏོང་བྱས་པའི་སྒྲའི་མྱུར་ཚད་ལས་བརྒལ་བའི་འཕུར་མདེལ་དང་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུས་ཨ་རིའི་“ས་ཏེ་”མ་ལག་གཏོར་ནས་དབྱི་སི་རལ་རྒྱལ་སྲུང་པུའུ་ཡི་ཐོག་ཁང་དང་དེ་བཞིན་པིན·ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་ཐང་ལ་འཇབ་རྒོལ་བྱས་པ་དང་འབྲེལ་ལེ་ཏའི་མ་ལག་7རྩ་གཏོར་བཏང་ཡོད་ཅེས་བརྗོད་ཡོད། 
མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝ་དོན་གཅོད་ཁང་དུ་རྒྱུན་སྡོད་དབྱི་རན་གྱི་འཐུས་མིས་ཚེས་4ཉིན་དམག་མི་ཉུང་འཕྲིའི་གྲོས་མོལ་ཚོགས་འདུའི་དྲུང་ཆེར་འཕྲིན་ཡིག་སྤྲིངས་ནས་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་གྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་དམིགས་པའི་དམག་དོན་བཙན་འཛུལ་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ས་ཁུལ་དེར་ཡོད་པའི་ཨ་རིའི་དམག་དཔུང་གི་རྟེན་གཞི་ཚང་མ་དབྱི་རན་གྱི་“ཁྲིམས་མཐུན་གྱི་རྡུང་རྡེག་དམིགས་འབེན་”ལ་འཛིན་རྒྱུ་ནན་བཤད་བྱས་ཡོད།
སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཨའར་ཝ་ལེ་སིས་ཚེས་4ཉིན་ཨ་རིའི་ཕོ་བྲང་དཀར་པོས་“སི་ཕེན་གྱིས་ཨ་རིའི་དམག་ཕྱོགས་དང་མཉམ་ལས་བྱ་རྒྱུར་མོས་མཐུན་བྱས་ཡོད་”ཅེས་པའི་ཤོད་སྟངས་ཁས་ལེན་བྱས་མེད་པ་དང་། དེ་ནི་“དོན་དངོས་དང་གཏན་ནས་མཐུན་གྱི་མེད་”ཅེས་བརྗོད་ཡོད། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་ཡིས་ཚེས་4ཉིན་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་ཁ་པར་བཏང་ནས་ཡོ་རོབ་མནའ་འབྲེལ་གྱིས་སི་ཕེན་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་མཚོན་ཡོད་པ་དང་། སང་ཆེ་སིས་ཚེས་4ཉིན་གསལ་བསྒྲགས་སྤེལ་ཏེ་སི་ཕེན་གྱིས་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་སྤེལ་བའི་དམག་དོན་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ་དང་འབྲེལ་གདོང་ཐུག་གི་དུས་བབ་སྡུག་ཏུ་མི་གཏོང་བའི་བླང་བྱ་བཏོན་པ་དང་། ཨ་རིས་འཁོན་ལན་སློག་པར་སྐྲག་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད་ཅེས་བརྗོད་ཡོད།

中央广播电视总台 央广网 版权所有

ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་གྱི་དམག་དོན་སྒྲིག་བཀོད་ཆེ་གྲས་དང་དམག་གྲུ་སོགས་ཀྱི་དམིགས་འབེན་ལ་རྡུང་རྡེག་བཏང་བ་དང་། དབྱི་རན་གྱིས་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་ཐོག་ཁང་དང་རྒྱལ་སྤྱིའི་གནམ་ཐང་ལ་རྒོལ་ལན་བསློགས་ཡོད་ཅེས་བརྗོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རན་ཕྱོགས་ཀྱིས་ཚེས་4ཉིན་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་“བཙན་འཛུལ་དང་དམག་དོན་ཚུར་རྒོལ་”བྱས་ནས་དབྱི་རན་པ་1045རྐྱེན་ལམ་དུ་བཏང་ཡོད་ཅེས་དང་།