ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་རན་གྱིས་“ཁས་ལེན་ངོ་མ་-4་པ་”ཞེས་པའི་བྱ་སྤྱོད་སྤེལ་ནས་རེས་སྐོར་མང་པོའི་ཕར་རྒོལ་བྱས་པ་དང་། དབྱི་སི་རལ་དམག་དཔུང་གིས་དབྱི་རན་གྱི་དམིགས་འབེན་600ཙམ་རྩ་གཏོར་བཏང་བ་ཁྱབ་བསྒྲགས་བྱས་པ།

2026-03-03 10:30:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཟླ་3ཚེས་2ཉིན་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་དམག་དོན་རྡུང་རྡེག་བཏང་ནས་ཉིན་གསུམ་པར་སླེབས་ཡོད། ཉིན་དེར་དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་མདེལ་ལམ་འཕུར་མདེལ་སྤྱད་དེ་ཕར་རྒོལ་བྱས་པ་དང་། ཕར་རྒོལ་བྱེད་ཡུལ་གྱི་དམིགས་འབེན་ནང་དབྱི་སི་རལ་གྱི་ཐེ་ལ་ཝུའེ་ཧྥུའུ་སྲིད་གཞུང་ཐོག་ཁང་དང་། དབྱི་སི་རལ་གྱི་ཧའེ་ཧྥ་རུ་ཡོད་པའི་དམག་དོན་དང་བདེ་འཇགས་ལྟེ་གནས། དེ་བཞིན་ཅེ་རུས་ས་ལེམ་ཤར་མ་བཅས་ཚུད་ཡོད། 
ཚེས་3ཉིན་དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་དམག་དཔུང་དེའི་མཚོ་དམག་གི་མི་མེད་གནམ་གྲུའི་དཔུང་སྡེས་ཁུ་ཝེ་ཐེ་རུ་ཡོད་པའི་“ཨ་ལི་ཧྥུའུ་ཀྲན་”ཨ་རིའི་དམག་དོན་རྟེན་གཞིར་“ཁས་ལེན་ངོ་མ་-4་པ་”ཞེས་པའི་བྱ་སྤྱོད་ཀྱི་རེས་སྐོར་13པའི་ཕར་རྒོལ་བྱས་པ་ཁྱབ་བསྒྲགས་བྱས་ཡོད། ཚེས་2ཉིན་སྤེལ་བའི་རེས་སྐོར་12པའི་ཕར་རྒོལ་ནང་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་26དང་མདེལ་ལམ་འཕུར་མདེལ་5སྤྱད་དེ་ཁུ་ཝེ་ཐེ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རེན་བཅས་རྒྱལ་ཁབ་གསུམ་དང་དེ་བཞིན་ཧོར་མུའུ་ཙི་མཚོ་འགག་ཏུ་གནས་པའི་ཨ་རིའི་དམག་དཔུང་གི་གཏན་འཇགས་དང་སྤོ་སྐྱོད་དམིགས་འབེན་ལ་ཕར་རྒོལ་བྱས་པ་དང་། ཚེས་2ཉིན་གྱི་དུས་ཚོད་སྔ་ཙམ་ལ་ད་དུང་དབྱི་སི་རལ་གྱི་འབྲེལ་ཡོད་དམིགས་འབེན་ལ་རེས་སྐོར་10པ་དང་11པའི་ཕར་རྒོལ་བྱས་ཡོད།
ཚེས་2ཉིན་གྱི་མཚན་གུང་དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་དམག་སྤྱིའི་བློ་འདྲི་ཡུལ་གྱིས་ཧོར་མུའུ་ཙི་མཚོ་འགག་སྒོ་བརྒྱབ་ཟིན་པ་དང་། ཧོར་མུའུ་ཙི་མཚོ་འགག་བརྒྱུད་རྩིས་བྱེད་པའི་གྲུ་གཟིངས་ཚང་མར་དབྱི་རན་ཕྱོགས་ཀྱིས་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད་ཡོད། 
ཚེས་2ཉིན་དབྱི་རན་གྱི་ཟླ་གསར་དམར་པོའི་ཚོགས་པས་ཨ་རི་དང་དབྱི་སི་རལ་གྱི་འཇབ་རྒོལ་ཁྲོད་དབྱི་རན་པ་555རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་པ་དང་།  ཚེས་2ཉིན་དབྱི་རན་གྱི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་དྲུང་ཡིག་གིས་ཨ་རིས་“རེ་བ་རྫུན་མར་”བརྟེན་ནས་ས་ཁུལ་དེ་ཟང་ཟིང་གི་ནང་དུ་དྲུད་པས་དབྱི་རན་གྱིས་དེ་དང་གྲོས་མོལ་བྱེད་མི་སྲིད་པ་མ་ཟད། ཡུན་རིང་དམག་འཐབ་རྒྱག་རྒྱུར་གྲ་སྒྲིག་ཡག་པོ་བྱས་ཟིན་ཞེས་བཤད་ཡོད།
ཚེས་2ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ལས་འཛིན་ཀེ་ལུའོ་ཞིས་དབྱི་རན་ལ་མ་ལག་རང་བཞིན་གྱི་ཉིང་རྡུལ་མཚོན་ཆ་བཟོ་བའི་འཆར་གཞི་ཡོད་པ་ཤེས་རྟོགས་ཐུབ་མེད་ཅེས་བརྗོད་ཡོད།  
ཚེས་2ཉིན་དབྱི་སི་རལ་དམག་དཔུང་གིས་དབྱི་རན་ལ་རེས་སྐོར་མང་པོའི་རྡུང་རྡེག་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེའི་དམིགས་འབེན་ནང་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་གྱི་ལྟེ་བའི་ས་ཁོངས་ཀྱི་འབྲེལ་ཡོད་དམིགས་འབེན་ཚུད་ཡོད་པ་དང་། དེ་བཞིན་དབྱི་རན་གསང་འཕྲིན་སྡེ་ཚན་གྱི་མཐོ་རིམ་དཔོན་རིགས་མང་པོ་བསད་ཡོད་ཅེས་བརྗོད་ཡོད།  གཞན་ཡང་ཐེ་ཧེ་རན་དུ་གནས་པའི་དབྱི་རན་གསང་འཕྲིན་སྡེ་ཚན་གྱི་སྤྱི་ཁྱབ་ཁང་ལའང་རྡུང་རྡེག་ཕོག་ཡོད། དབྱི་སི་རལ་དམག་དཔུང་གིས་ཟླ་2ཚེས་28ཉིན་དབྱི་རན་ལ་དམག་དོན་རྡུང་རྡེག་བཏང་བ་ནས་བཟུང་གྲ་སྒྲིག་དམག་ཞབས་མི་སྣ་ཁྲི་11ཙམ་སྐུལ་སློང་བྱས་ཡོད་པ་དང་། འབར་མདེལ་2500སྤྱད་ནས་དབྱི་རན་གྱི་དམིགས་འབེན་600ཙམ་“རྩ་གཏོར་”བཏང་ཡོད་ཅེས་བཤད་ཡོད།
སྤྱི་ཚེས་2ཉིན་ཨ་རིའི་དམག་གིས། དམག་འཐབ་གནམ་གྲུ་གསུམ་ལ་ཁུ་ཝེ་ཐེའི་མཁའ་ཟོན་སྟོབས་ཤུགས་ཀྱིས་ནོར་འཛོལ་ཤོར་ནས་རྡུང་རྡེག་བཏང་བ་མངོན་གསལ་དོད་པོ་རེད་ལ།  ཁུ་ཝེ་ཐེས་ཀྱང་དེ་ནི་ནོར་འཛོལ་ཤོར་ནས་རྡུང་རྡེག་བཏང་བ་ཞིག་ཡིན་པ་ཁས་ལེན་བྱས་ཡོད་ཅེས་བསྟན་ཡོད། ཉིན་དེར་ཨ་རིའི་ཀྲུང་དབྱང་དམག་སྤྱི་པུས།  ཨ་རིའི་དམག་མི་དྲུག་དབྱི་རན་ལ་བྱ་སྤྱོད་སྤེལ་བའི་ཁྲོད་གྲོངས་ཡོད་ཅེས་བཤད་འདུག 
སྤྱི་ཚེས་2ཉིན་སི་ཕན་སྲིད་གཞུང་གིས། ཨ་རིས་རྒྱལ་ཁབ་དེའི་རྟེན་གཞི་སྤྱད་ནས་དབྱི་རན་ལ་དམག་དོན་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཁས་ལེན་བྱས་མེད། སི་ཕན་སྲིད་གཞུང་གིས་རྟེན་གཞི་དེ་དག་དང་དེ་བཞིན་དེའི་སྒྲིག་ཆས་༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་༽དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱེད་སྒོ་གང་ཞིག་ལའང་སྤྱོད་དུ་འཇུག་མི་སྲིད་ཅེས་བསྟན་ཡོད། ཉིན་དེར་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྱང་། ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་སྤེལ་བའི་བྱ་སྤྱོད་དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་མེད་པ་ཞིག་ཡིན་པས། ཁྲིམས་དང་མཐུན་གྱི་མེད་ཅེས་བསྟན་ཡོད། སྤྱི་ཚེས་2ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས། ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་ཕར་རྒོལ་རྡུང་རྡེག་གཏོང་བའི་ཁྲོད་དུ་དབྱིན་ཇི་ཞུགས་མི་སྲིད་ཅེས་བཤད་ཡོད།  བྱང་ཆིངས་ཀྱི་དྲུང་ཡིག་ཆེ་མོས་ཀྱང་། ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་སྤེལ་བའི་དམག་དོན་བྱ་སྤྱོད་ནང་ཞུགས་མི་སྲིད་པའི་ཁྱབ་བསྒྲགས་བྱས་ཡོད། 
ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་རྡུང་རྡེག་བཏང་བའི་ཤུགས་རྐྱེན་ཕོག་པའི་དབང་གིས། ཡོ་རོབ་ཀྱི་དངུལ་རྩའི་ཁྲོམ་རའི་ཉེས་གཡོལ་རྣམ་འགྱུར་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་དང་། སྤྱི་ཚེས་2ཉིན་ཡོ་རོབ་ཀྱི་རང་བྱུང་སོལ་རླངས་རིན་གོང་དེ་འཕར་ཚད་50%ལས་བརྒལ་བ། དབྱིན་ཇིའི་ལུན་ཏུན་པུ་ལུན་ཐེའི་མ་བཅོས་སྣུམ་གྱི་དུས་བཅད་ཚོང་ཟོག་རིན་གོང་ཆེས་ཆེར་འཕར་བ།  ཡོ་རོབ་དང་ཨ་རིའི་རྐང་དངུལ་ཁྲོམ་ར་སྒོ་ཕྱེ་རྗེས་མངོན་གསལ་དོད་པོས་ཆག་ཡོད་པ་རེད།

中央广播电视总台 央广网 版权所有

དབྱི་རན་གྱིས་“ཁས་ལེན་ངོ་མ་-4་པ་”ཞེས་པའི་བྱ་སྤྱོད་སྤེལ་ནས་རེས་སྐོར་མང་པོའི་ཕར་རྒོལ་བྱས་པ་དང་། དབྱི་སི་རལ་དམག་དཔུང་གིས་དབྱི་རན་གྱི་དམིགས་འབེན་600ཙམ་རྩ་གཏོར་བཏང་བ་ཁྱབ་བསྒྲགས་བྱས་པ།

དབྱི་རན་གྱིས་“ཁས་ལེན་ངོ་མ་-4་པ་”ཞེས་པའི་བྱ་སྤྱོད་སྤེལ་ནས་རེས་སྐོར་མང་པོའི་ཕར་རྒོལ་བྱས་པ་དང་། དབྱི་སི་རལ་དམག་དཔུང་གིས་དབྱི་རན་གྱི་དམིགས་འབེན་600ཙམ་རྩ་གཏོར་བཏང་བ་ཁྱབ་བསྒྲགས་བྱས་པ། ཡོ་རོབ་རྒྱལ་ཁབ་མང་པོས་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་ལ་འཇབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ཅེས་བརྗོད་པ།