ཕྱི་རྒྱལ་མ་དངུལ་ཁེ་ལས་ཀྱིས་ལོ་གསར་པ་ཤར་མ་ཐག་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ།
2026-02-10 10:21:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནས་བཟུང་། ཕྱི་རྒྱལ་མ་དངུལ་ཁེ་ལས་ཀྱིས་ཀྲུང་གོར་རྒྱུན་མཐུད་ངང་མ་འཇོག་དང་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ལས་སྒོ་གསར་པ་གཏོད་པ། གང་ས་སྤྱི་ཐད་ནས་ཤུགས་རྒྱག་པ་བཅས་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ཡོད།
ཀྲུང་གོའི“གསར་གཉིས”སྲིད་ཇུས་ཁྲོད་སྒྲིག་ཆས་གསར་བརྗེས་ཀྱི་དགོས་མཁོ་འཕར་བའི་མཐུན་རྐྱེན་ལ་བརྟེན་ནས། ཧྥིན་ལན་གྱི་ཁེ་ལས་ཤིག་གིས་གློག་སྐས་གསར་བརྗེ་སྒྱུར་བཀོད་བྱ་རྒྱུ་དེ་ཀྲུང་གོར་ཡོད་པའི་ལས་སྒོའི་འཕར་གནས་གསར་པར་བརྩིས་ཡོད། ད་ལོའི་ཟླ་དང་པོར། ཁེ་ལས་དེའི་ཀྲུང་གོར་ཡོད་ཐོན་སྐྱེད་རྟེན་གཞིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་80ལྷག་ཙམ་གྱི་གསར་བརྗེ་སྒྱུར་བཀོད་རྣམ་གྲངས་ལ་མཁོ་འདོན་བྱས་པའི་གློག་སྐས་1000ལས་བརྒལ་ཡོད་པ་རེད།
རྒྱལ་ནང་གི་ཐོན་ལས་རིམ་སྤོར་མགྱོགས་སུ་གཏོང་བའི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། ཕྱི་རྒྱལ་ཚོང་པའི་མ་འཇོག་དེ་ལག་རྩལ་མཐོ་བའི་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་སུ་སྔར་བས་གཅིག་སྡུད་བྱས་ཡོད། མིག་སྔར། ལག་རྩལ་མཐོ་བའི་ཐོན་ལས་ཀྱི་མ་དངུལ་ནང་འདྲེན་གྱིས་རང་རྒྱལ་གྱིས་ཕྱི་དངུལ་བེད་སྤྱོད་པའི་ཁྲོད་ཟིན་པའི་བསྡུར་ཚད་བཅུ་ཆ་གསུམ་ལས་བརྒལ་ཡོད།
ཉེ་ཆར་ཀྲུང་གོར་ཡོད་པའི་འཇར་མན་ཚོང་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《ཚོང་ལས་ཡིད་ཆེས་བརྟག་དཔྱད་སྙན་ཞུ》ལས་མངོན་པར་གཞིགས་ན། ཀྲུང་གོར་ཡོད་པའི་འཇར་མན་གྱི་ཁེ་ལས་93%གྱིས་མུ་མཐུད་ཀྲུང་གོའི་ཁྲོམ་རར་རྩ་བ་འཛུགས་རྒྱུའི་འཆར་གཞི་ཡོད་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་འཇར་མན་གྱི་ཁེ་ལས་ཕྱེད་ཀ་ལྷག་ཙམ་གྱིས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། འཇར་མན་གྱི་ཁེ་ལས་ཤིག་གིས་ཀྲུང་གོར་མ་འཇོག་བྱས་ནས་ལོ་20ཟིན་ཡོད། ད་ལོ་ཁེ་སྤོགས་སྤྱད་དེ་སླར་ཡང་མ་འཇོག་ཡག་པོ་ཐུབ་ཆེད། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་ཟླ་བ་གཅིག་ནང་པེ་ཅིང་དུ་ཐེངས་གསུམ་སླེབས་ཡོད།
ཐོན་ལས་རྨང་གཞི་བརྟན་པོ་དང་། ཁྲོམ་རའི་མདུན་ལྗོངས་རྒྱ་ཆེན་པོ། རྒྱུན་ཆད་མེད་པར་ལེགས་སུ་གཏོང་བའི་ཕྱི་ཕྱོགས་སྒོ་འབྱེད་སྲིད་ཇུས་བཅས་ཀྱི་དབང་གིས་ཀྲུང་གོར་རྒྱལ་སྤྱིའི་མ་འཇོག་ཁེ་ལས་ཀྱི་དགའ་བསུ་རྒྱུན་མཐུད་ཐོབ་ཡོད། ཀྲུང་གོར་ཡོད་པའི་ཨ་རིའི་ཚོང་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་2026ལོའི་ལོ་འཁོར་གྱི《ཀྲུང་གོའི་ཚོང་དོན་ཁོར་ཡུག་བརྟག་དཔྱད་སྙན་ཞུ》ཐོག་ནས་མངོན་པར། ཁེ་ལས་80%ཡིས་ཀྲུང་གོར་ལས་སྒོ་གཏིང་ཟབ་སྤེལ་བཞིན་པའི་ཕྱོགས་དེ་དམིགས་ཚད་གཙོ་བོར་བརྩིས་ཡོད་པ་དང་། ཁེ་ལས་ཕྱེད་ཀ་ལྷག་ཙམ་གྱིས་ཐོན་རྫས་གསར་པའི་ཞབས་ཞུ་འཚོལ་ཞིབ་ཧུར་ཐག་བྱེད་པའམ་ཡང་ན་མཁོ་མཁན་ཚོགས་པ་གསར་པ་རྒྱ་སྐྱེད་བཏང་སྟེ་ཚད་བརྒལ་གསར་པ་མངོན་འགྱུར་བྱེད་བཞིན་ཡོད།
















