དབྱི་རན་དང་ཨ་རིས་ཨ་མན་དུ་གྲོས་མོལ་བྱ་རྒྱུ་ཡིན་པ།
2026-02-06 09:50:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་4ཉིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེའི་ཕྱི་དྲོར། དབུས་ཤར་ས་ཁུལ་གྱི་འགོ་ཁྲིད་མང་པོ་ཞིག་གིས་ཨ་རིའི་སྲིད་གཞུང་གིས་གྲོས་མོལ་ནས་ཕྱིར་འཐེན་བྱ་རྒྱུའི་འཇིགས་སྐུལ་བྱས་པ་མཚམས་འཇོག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་རྗེས། དེ་སྔོན་ཚེས་6ཉིན་འཚོག་གཏན་འཁེལ་བའི་ཨ་རི་དང་དབྱི་རན་གྱི་ཉིང་རྡུལ་གྲོས་མོལ་འཆར་གཞི་སླར་གསོ་བྱུང་བ་དང་། གྲོས་མོལ་དེ་ཨ་མན་དུ་བྱ་རྒྱུ་ཡིན་པ་རེད།
དབྱི་རན་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆིས་ཚེས་4ཉིན་གྲོས་མོལ་དེ་ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་ཡས་མས་སུ་ཨ་མན་གྱི་རྒྱལ་ས་མ་སི་ཁ་ཐེ་རུ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། ཉིན་དེའི་སྔ་ཙམ་ལ་དབྱི་རན་གཞུང་ཕྱོགས་ཀྱི་ཆ་འཕྲིན་ཤེས་མཁན་མི་སྣ་ཞིག་གིས་སྔོན་ལ་འཚོག་གཏན་འཁེལ་བའི་དབྱི་རན་དང་ཨ་རིའི་གྲོས་མོལ་དེ་མེད་པར་བཟོས་ཟིན་པ་དང་། གྲོས་མོལ་མེད་པར་བཟོས་པའི་རྒྱུ་མཚན་ནི་ཨ་རི་ཕྱོགས་ཀྱིས་ཆ་རྐྱེན་གསར་པ་བཏོན་པ་དང་། གྲོས་མོལ་གནད་དོན་ཐད་ཕྱོགས་གཉིས་པོར་མི་མཐུན་པའི་ཆ་ཡོད་པས་ཡིན་པ་ལས་གྲོས་མོལ་བྱ་ཡུལ་གྱི་གནད་དོན་མིན་ཞེས་བརྗོད་ཡོད།
དེ་སྔ་ཨ་རིས་དབྱི་རན་གྱིས་སྔོན་གཏན་འཁེལ་བའི་ཚོགས་འདུ་འཚོགས་ཡུལ་དེ་ཐུར་ཁེའི་དབྱི་སི་ཐན་པུར་ནས་ཨ་མན་དུ་བསྒྱུར་རྒྱུའི་གྲོས་འགོ་དང་ལེན་མ་བྱས་པ་དེས་དབུས་ཤར་ས་ཁུལ་གྱི་སེམས་ཁྲལ་བསླངས་ཡོད་པ་དང་། ཨ་རི་ཕྱོགས་ཀྱིས་དམག་དོན་བྱ་སྤྱོད་སྤེལ་སྲིད་པའི་སེམས་ཁྲལ་ཡོད་པའི་དབང་གིས་ཉུང་མཐར་ཡང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དགུ་ཡིས་རིམ་པ་མཐོ་ཤོས་ཀྱི་འབྲེལ་ལམ་བརྒྱུད་ཕོ་བྲང་དཀར་པོ་དང་འབྲེལ་བ་བྱས་ནས་ཨ་རིས་ཚོགས་འདུ་མེད་པ་བཟོ་མི་རུང་བའི་སྐུལ་མ་དྲག་པོ་བྱས་ཡོད།
















