ཨ་རིས་གླིང་ཕྲན་འདིའི་ཆེད་རྒྱལ་ཁབ་8ལ་སྒོ་ཁྲལ་འཕར་མ་བསྡུ་རྒྱུ།
ས་གནས་དེའི་དུས་ཚོད་སྤྱི་ཚེས17ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སྤྱི་ཟླ་2ཚེས་1ཉིན་ནས་བཟུང་ཏེན་མག་དང་། ནོར་ཝེ། སུའེ་ཏེན། ཧྥ་རན་སེ། འཇར་མན། དབྱིན་ཇི། ཧོ་ལན། ཧྥིན་ལན་བཅས་ནས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ཚང་མར་སྒོ་ཁྲལ་འཕར་མ་10%བསྡུ་རྒྱུ་དང་། “ཀེ་ལིན་ལན་གླིང་ཕྲན་ཡོངས་རྫོགས་ཉོ་སྒྲུབ་མཐར་ཕྱིན་བྱེད་པའི” ཐད་གྲོས་མཐུན་མ་བྱུང་བར་དུ་སྒོ་ཁྲལ་འཕར་མའི་ཁྲལ་ཚད་དེ་ཟླ་བ་6ཚེས་1ཉིན་ནས་25%བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
དེ་རྗེས་རྒྱལ་ཁབ་མང་པོས་གསལ་བསྒྲགས་སྤེལ་ནས་ལན་བཏབ་ཡོད།
ཏེན་མག་གིས། ཨ་རིའི་སྒོ་ཁྲལ་སྲིད་ཇུས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བརྗོད་པ།
ཉིན་དེར་ཏེན་མག་གི་ཕྱི་འབྲེལ་བློན་ཆེན་ལ་སི་མུའུ་སེན་གྱིས་ཡིག་ཐོག་གསལ་བསྒྲགས་ཤིག་གི་ནང་“ཐེ་རོན་ཕུའི་གསལ་བསྒྲགས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཁོང་གིས་བརྗོད་པའི་ཀེ་ལིན་ལན་གླིང་ཕྲན་དུ་དམག་དོན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་དམིགས་ཡུལ་ནི་བྱང་སྣེའི་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་ཆེད་ཁོ་ན་ཡིན” ཞེས་དང་། “ང་ཚོས་གནད་དོན་དེའི་ཐད་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་མཉམ་ལས་རོགས་ཟླ་གཞན་དག་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་ཡིན” ཞེས་བརྗོད་པ་རེད།
ཏེན་མག་གི་དབུ་བཞུགས་བློན་ཆེན་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གཅིག་ལྕོགས་ཡིན་པའི་པོར་སེན་གྱིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གསལ་བསྒྲགས་སྤེལ་ནས་“ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཏེན་མག་དང་། ཀེ་ལིན་ལན་གླིང་ཕྲན། དེ་བཞིན་ང་ཚོའི་བྱང་ཆིངས་མནའ་འབྲེལ་གྱི་རྒྱལ་ཁབ་བཅས་ལ་འཇིགས་སྐུལ་བྱས་པ་ནི་རྦད་དེ་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད” ཅེས་བརྗོད་པ་རེད།
ཧྥ་རན་སེས། སྒོ་ཁྲལ་གྱི་འཇིགས་སྐུལ་དང་ལེན་བྱེད་ཐབས་བྲལ་ཞེས་བརྗོད་པ།
ཉིན་དེར་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག“ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཧྥ་རན་སེ་ནས་ཀེ་ལིན་ལན་གླིང་ཕྲན་ལ་རྒྱབ་སྐྱོར་བྱས་རྗེས་སྤེལ་བའི་སྒོ་ཁྲལ་གྱི་འཇིགས་སྐུལ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད” ཅེས་བཤད་པ་རེད།
ཁོང་གིས་“གལ་ཏེ་འཇིགས་སྐུལ་དེ་དག་ལག་ལེན་དུ་བསྟར་ཚེ། ཡོ་རོབ་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་དང་མཐུན་སྦྱོར་གྱི་བྱ་ཐབས་ཐོག་ནས་ལན་འདེབས་རྒྱུ་ཡིན། ང་ཚོས་ཡོ་རོབ་གླིང་གི་བདག་དབང་སྲུང་སྐྱོང་བྱེད་རྒྱུ་ཡིན” ཞེས་དང་། ཁོང་གིས་དེའི་ཐད་ཡོ་རོབ་ཀྱི་རོགས་ཟླ་གཞན་དག་དང་འབྲེལ་གཏུག་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
འཇར་མན་གྱིས། ཡོ་རོབ་ཀྱི་རོགས་ཟླ་དང་མཉམ་དུ་ཁ་གཏད་གཅོག་ཐབས་སྤྱོད་རྒྱུ་ཡིན་ཞེས་བརྗོད་པ།
ཉིན་དེར་འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་སི་ཐེ་ཧྥན་ཁོ་ནེ་ལིའུ་སིས་“འཇར་མན་སྲིད་གཞུང་གིས་ཨ་རིའི་སྲིད་འཛིན་གྱི་གཏམ་བརྗོད་ལ་དོ་སྣང་བྱུང་བ་མ་ཟད། ཡོ་རོབ་ཀྱི་རོགས་ཟླ་དང་གྲོས་མོལ་དམ་ཟབ་བྱེད་བཞིན་ཡོད་པས། ང་ཚོས་ཐུན་མོང་ཐོག་དུས་ཚོད་འོས་འཚམ་ལ་ཁ་གཏད་གཅོག་ཐབས་འོས་འཚམ་སྤྱོད་རྒྱུའི་ཐག་གཅོད་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
དབྱིན་ཇིས་ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱེད་པའི་འཆར་གཞི་ནི་རྦད་དེ་ནོར་འཁྲུལ་རེད་ཅེས་བརྗོད་པ།
སྤྱི་ཚེས་17ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོས་གསལ་བསྒྲགས་སྤེལ་ནས། ཨ་རིས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་འཇིགས་སྐུལ་བྱས་པ་དེ་ “རྦད་དེ་ནོར་འཁྲུལ་ཞིག་རེད” ཅེས་བརྗོད་པ་དང་།
ཁོང་གིས་དོན་དག་འདིའི་ཐད་ཨ་རིའི་སྲིད་གཞུང་དང་ཐད་ཀར་འབྲེལ་གཏུག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
སི་ཐ་མོས་དུས་མཚུངས་སུ་ནན་བཤད་གནང་དོན། དབྱིན་ཇིས་ཀེ་ལིན་ལན་གླིང་ཕྲན་ལ་འཛིན་པའི་ལངས་ཕྱོགས་ནི་ཧ་ཅང་གསལ་པོ་སྟེ། དེ་ནི་ཏེན་མག་གི་ཆ་ཤས་ཤིག་ཡིན་པ་དང་། དེའི་འབྱུང་འགྱུར་ནི་ཀེ་ལིན་ལན་གླིང་ཕྲན་གྱི་མི་དམངས་དང་ཏེན་མག་མི་དམངས་ཀྱིས་ཐུན་མོང་ཐོག་ཐག་གཅོད་བྱེད་དགོས་ཞེས་བརྗོད་པ་རེད།
ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས།སྒོ་ཁྲལ་འཕར་མ་བསྡུས་ཚེ་ནུབ་རྒྱ་མཚོ་ཆེན་པོའི་ཕན་ཚུན་དབར་གྱི་འབྲེལ་བར་གཏོར་བཤིག་ཕོག་རྒྱུ་མ་ཟད། ཉེན་ཁ་ཆེ་བའི་འཁོར་རྒྱུག་ངན་པ་བཟོ་སྲིད་ཅེས་བཤད་པ་རེད། ཡོ་རོབ་ཀྱིས་མུ་མཐུད་མཐུན་སྒྲིལ་དང་མཐུན་སྦྱོར་གཅིག་གྱུར་བྱས་ཏེ་རང་གི་བདག་དབང་སྲུང་སྐྱོང་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
གཞན་ཡང་སུའེ་ཏེན་དང་། ནོར་ཝེ། ཧོ་ལན། ཧྥིན་ལན་སོགས་རྒྱལ་ཁབ་མང་པོས་དང་ལེན་བྱེད་ཐབས་བྲལ་བའི་ལན་བཏབ་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ།
ཡིག་སྒྱུར། བསྟན་དབང་།
















