འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཝེ་ནེ་ཙུའེ་ལའི་བླང་བྱ་ལྟར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་5ཉིན་ཝེ་ནེ་ཙུའེ་ལའི་དུས་བབ་གསར་ཤོས་ཀྱི་འཕེལ་ཕྱོགས་ཐད་ཛ་དྲག་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་མང་པོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ལ་བརྩི་འཇོག་བྱས་ཏེ་ཝེ་ནེ་ཙུའེ་ལའི་གནད་དོན་ཐག་གཅོད་བྱ་རྒྱུའི་བླང་བྱ་བཏོན་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་སུན་ལེ་ཡིས་གཏམ་བཤད་གནང་སྐབས། ཀྲུང་གོས་ཨ་རིའི་ཕྱོགས་རྐྱང་བ་དང་། ཁྲིམས་དང་མི་མཐུན་པ། བཙན་ཤེད་བཅས་ཀྱི་བྱ་སྤྱོད་ལ་ཧང་སངས་ཤིང་རྒོལ་གཏམ་དྲག་པོ་གཏོང་གི་ཡོད། ཀྲུང་གོས་ཨ་རིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་དང་ཁོང་གི་ལྕམ་མོའི་མི་ལུས་བདེ་འཇགས་འགན་ལེན་བྱས་ཏེ་ཁོང་གཉིས་འཕྲལ་མར་གློད་གྲོལ་གཏོང་རྒྱུའི་རེ་འབོད་བྱ་རྒྱུ་དང་། ཀྲུང་གོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་པོ་འཁུར་རྒྱུར་རྒྱབ་སྐྱོར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་། ས་ཁུལ་དང་རྒྱལ་ཁབ། སྒྲིག་འཛུགས་བཅས་ཀྱིས་སྐད་ཆ་ཤོད་རེས་དང་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨུ་རུ་སུའི་སྐུ་ཚབ་ཀྱིས་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རིས་རྒྱལ་སྤྱིའི་བདག་སྐྱོང་དབང་ཆ་དང་། བདག་དབང་། ཐེ་གཏོགས་མི་བྱེད་པའི་རྩ་དོན་བཅས་ལ་སྣང་ཆུང་བྱེད་དུ་འཇུག་མི་རུང་ཞེས་བརྗོད་ཡོད།
ཁོ་ལོམ་པི་ཡའི་སྐུ་ཚབ་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་ཕྱོགས་རྐྱང་བའི་བྱ་སྤྱོད་དེས་ས་ཁུལ་གྱི་བརྟན་ལྷིང་ལ་ཉེན་ཁ་བཟོ་ཞིང་བདེ་འཇགས་མིན་པའི་དུས་བབ་ཛ་དྲག་ཏུ་འགྲོ་སྲིད་པ་དང་། དེའི་ཤུགས་རྐྱེན་ད་དུང་ཝེ་ནེ་ཙུའེ་ལའི་རྒྱལ་མཚམས་ལས་བརྒལ་ཏེ། ཁོ་ལོམ་པི་ཡ་བཅས་ཚུད་པའི་མཐའ་འཁོར་རྒྱལ་ཁབ་ལ་ཐད་ཀར་རྡབ་རྡེག་ཐེབས་སྲིད་རེད་ཅེས་བརྗོད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཝེ་ནེ་ཙུའེ་ལའི་སྐུ་ཚབ་ཀྱིས་ཨ་རིས་ཝེ་ནེ་ཙུའེ་ལར་ཁྲིམས་འགལ་གྱི་དྲག་ཆས་ཕར་རྒོལ་བྱས་པ་དང་འབྲེལ་ཙུང་ཐུང་མ་ཏུའུ་ལུའོ་བཙན་ཤེད་ཀྱིས་ཚོད་འཛིན་བྱས་ཀྱང་ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད། ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་ཝེ་ནེ་ཙུའེ་ལའི་ཙུང་ཐུང་གཞོན་པ་ཏེའར་ཞི·ལུའོ་ཏེ་ལི་ཀེ་སིས་ཝེ་ནེ་ཙུའེ་ལའི་གནས་སྐབས་ཙུང་ཐུང་གི་འགན་བཞེས་རྒྱུའི་དམ་བཅའ་བཞག་ཡོད།
ཨ་རིས་བཙན་ཤེད་ཀྱིས་ཚོད་འཛིན་བྱས་པའི་མ་ཏུའུ་ལུའོ་སྟངས་དཔྱལ་གཉིས་ཚེས་5ཉིན་གྱི་ཉིན་གུང་ཨ་རིའི་ཉིའུ་གཡོད་ལྷོ་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་དུ་ཐོག་མར་ཁྲིམས་རར་ཞུགས་ནས་ཨ་རིའི་ཕྱོགས་ཀྱི་ “ནག་ཉེས་”ཟེར་བའི་སྐྱོན་འདོན་ཞུ་གཏུག་དང་ལེན་བྱས་མེད་པ་དང་། ཁྲིམས་ཁང་གི་ཕྱི་རོལ་དུ་རྒོལ་གཏམ་གཏོང་མཁན་འདུས་ཏེ་མ་ཏུའུ་ལུའོ་གློད་གྲོལ་གཏོང་དགོས་པའི་བླང་བྱ་བཏོན་ཞིང་ཨ་རིས་ཝེ་ནེ་ཙུའེ་ལའི་དམག་དོན་ཐེ་གཏོགས་ལ་རྒོལ་གཏམ་བཏང་ཡོད།