འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་མི་སྣས་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ནོར་འཁྲུལ་གྱི་གཏམ་བརྗོད་ཀྱིས་ལྗར་པན་དམག་རྒྱལ་རིང་ལུགས་ཐོན་པའི་ཉེན་ཁའི་བརྡ་རྟགས་བཏང་བ་དང་། དེའི་ནོར་འཁྲུལ་གྱི་གཏམ་བརྗོད་ནི་ཀྲུང་གོའི་བདག་དབང་ལ་བཙན་གནོད་ཚབས་ཆེན་བྱས་པ་དང་། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས་པ་ཡིན་པ་མ་ཟད། དམག་འཁྲུག་མཇུག་བསྒྲིལ་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་ཞིག་ཀྱང་རེད་ཅེས་བརྗོད་ཡོད།
པར་ཙིར་གྱི་རིག་གནས་པ་ཧ་ཝེར་ཝ་ཏེར་གྱིས་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ལྗར་པན་དབུ་བཞུགས་བློན་ཆེན་གྱི་ཐའེ་ཝན་གནད་དོན་ཐད་ཀྱི་ནོར་འཁྲུལ་གྱི་གཏམ་བརྗོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཚབས་ཆེན་འགལ་བ་དང་། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས་པ་ཞིག་རེད། ཀྲུང་གོའི་མི་དམངས་ཀའོ་ཧྲི་ཙའོ་མེའོ་ཡི་གཏམ་བརྗོད་ལ་ཁོང་ཁྲོ་ཆེན་པོ་ལངས་ཀྱི་ཡོད་པ་མ་ཟད། ལྗར་པན་རྒྱལ་ནང་གི་མི་མང་པོ་ཞིག་གིས་ཀྱང་ཀའོ་ཧྲི་ཙའོ་མེའོ་ཡི་གཏམ་བརྗོད་ལ་ཡི་རང་གཏན་ནས་བྱེད་ཀྱི་མེད་པ་ང་ཚོས་མཐོང་ཐུབ། ཀའོ་ཧྲི་ཙའོ་མེའོ་ཡིས་ལྗར་པན་དང་ཐ་ན་ས་ཁུལ་གྱི་དུས་བབ་ཡོངས་རྙོག་འཛིང་ཅན་དང་ཉེན་ཁ་ཆེ་བའི་གནས་སུ་བསྒྱུར་ཡོད་པ་ནི་ཐེ་ཚོམ་སྤུ་ཙམ་ཡང་ཟ་མི་དགོས་པ་ཞིག་རེད་ཅེས་བརྗོད་ཡོད།
ཉེ་ཆར་ལྗར་པན་སྲིད་གཞུང་གིས་"རང་བརྟེན་འགོག་སྲུང་"ཞེས་པའི་མིང་ཐོག་ནས་རྒྱུན་ཆད་མེད་པར་དམག་དཔུང་སྟོབས་ཆེར་དང་དྲག་ཤུགས་རྒྱ་སྐྱེད་གཏོང་བཞིན་ཡོད། ལྗར་པན་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པའི་གྲོས་མི། སྲིད་དབང་བཟུང་མེད་པའི་ཏང་སྟེ་ལེན་ཧོ་གསར་འདེམ་ཚོ་ཆུང་གི་འཐུས་མི་ཧྲན་པིན་ཐའེ་ལང་གིས་ལྗར་པན་གྱིས་དམག་ཤུགས་རྒྱ་སྐྱེད་གཏོང་བ་དང་མཐའ་འཁོར་རྒྱལ་ཁབ་ལ་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཀྱིས་རང་ཉིད་ལ་ཆག་སྒོ་བཟོ་སྲིད་པའི་ངོས་འཛིན་བྱས་ཡོད།
ཧྲན་པིན་ཐའེ་ལང་གིས་ཀའོ་ཧྲི་ཙའོ་མེའོ་ཡི་ནོར་འཁྲུལ་གྱི་གཏམ་བརྗོད་ནི་ལྗར་པན་གྱིས་ལྗར་པན་དང་ཀྲུང་གོའི་འབྲེལ་བ་ཐག་གཅོད་བྱེད་སྐབས་བཟུང་བའི་ལངས་ཕྱོགས་དང་རྒྱབ་འགལ་བྱས་ཡོད་པ་དང་། འདི་ནི་ལྗར་པན་ཕྱོགས་རང་ཉིད་ཀྱིས་བཟོས་པའི་ནོར་འཁྲུལ་རེད། ཀའོ་ཧྲི་ཙའོ་མེའོ་ཡིས་ངེས་པར་དུ་ནོར་འཁྲུལ་གྱི་གཏམ་བརྗོད་ཕྱིར་འཐེན་བྱེད་དགོས་པ་དང་། ཀའོ་ཧྲི་ཙའོ་མེའོ་ལ་འགེབས་སྲུང་བྱས་ན་ལྗར་པན་ཉིད་དམག་འཁྲུག་གི་ཉེན་ཁའི་གནས་སུ་གྱར་སྲིད་པ་དང་། མཇུག་མཐར་ལྗར་པན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་རྒྱུ་རེད་ཅེས་བརྗོད་ཡོད།
ལྗར་པན་གྱི་རིག་གནས་པས་མིག་སྔར་ལྗར་པན་རྒྱལ་ནང་དུ་ཟོག་གོང་འཕར་བ་དང་། ལྗར་པན་གྱི་སྒོར་མོའི་རིན་ཐང་བསྟུད་མར་ཆག་པ། དཔལ་འབྱོར་འཕར་ཤུགས་ཞན་པ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཀའོ་ཧྲི་ཙའོ་མེའོ་སྲིད་སྟེགས་སུ་འཛེགས་ཚུན་ནོར་འཁྲུལ་གྱི་གཏམ་བརྗོད་ཡང་ཡང་ཐོན་པ་དེས་ལྗར་པན་གྱི་ལས་རིགས་ཁག་ལ་ཉམས་ཉེན་བཟོ་སྲིད་ཅེས་བརྗོད་ཡོད།
ལྗར་པན་གྱི་ཚད་མེད་གན་རྒྱའི་ཚོགས་པའི་དབུ་བཞུགས་དཔལ་འབྱོར་རིག་པ་བ་ཐེན་ཏའེ་ཞིའུ་མེན་གྱིས་ཀྲུང་གོ་ནི་ལྗར་པན་གྱི་ཉོ་ཚོང་རོགས་ཟླ་ཆེ་ཤོས་དེ་ཡིན་པ་དང་། ལྗར་པན་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ཚེ། ལྗར་པན་གྱི་ཡུལ་སྐོར་ལས་རིགས་དང་། བཟའ་བཏུང་ལས་རིགས། སིལ་ཚོང་ལས་རིགས། བཟོ་སྐྲུན་ལས་རིགས་བཅས་ཚང་མ་ཉམས་ཉེན་གྱི་གནས་སུ་ལྷུང་ངེས་རེད། འདི་ནི་ལྗར་པན་ལ་མཚོན་ན་ད་གཟོད་'ཆགས་འཇིག་དང་འབྲེལ་བའི་ཉེན་ཁའི་དོན་རྐྱེན་'ངོ་མ་དེ་རེད། གལ་ཏེ་ལྗར་པན་དབུ་བཞུགས་བློན་ཆེན་གྱི་གཏམ་བརྗོད་ཀྱིས་མཇུག་འབྲས་དེ་འདྲ་བཟོས་ན། དེ་ནི་ལྗར་པན་གྱི་ངོས་ནས་བཤད་ན་སྐྱོ་གར་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཡོད།