དབྱི་སི་རལ་བདེ་འཇགས་ནང་བློན་ཁང་གིས་ལི་པ་ནོན་སྐྱབས་མགོན་ཏང་གི་དམག་མཚམས་འཇོག་པའི་གྲོས་ཆོད་ལ་ཆོག་མཆན་སྤྲད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་གྱི་ཙུང་ལིའི་གཞུང་དོན་ཁང་གིས་སྤྱི་ཚེས་26ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་བདེ་འཇགས་ནང་བློན་ཁང་གིས་དབྱི་སི་རལ་དང་ལེ་པ་ནོན་སྐྱབས་མགོན་ཏང་དབར་གྱི་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལ་ཆོག་མཆན་སྤྲད་ཡོད་ཅེས་བརྗོད་པ་རེད། དབྱི་སི་རལ་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། གྲོས་ཆོད་དེ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་27ཉིན་གྱི་ཆུ་ཚོད་10པ་ནས་ནུས་པ་ཐོན་རྒྱུ་ཡིན་པ་རེད། སྤྱི་ཚེས་26ཉིན་གྱི་སྔ་ཙམ་ཞིག་ལ་ནང་བློན་གྲོས་ཚོགས་འགོ་ཚུགས་སྐབས་དབྱི་སི་རལ་དམག་དཔུང་གིས་ལེ་པ་ནོན་དང་དབྱི་སི་རལ་དབར་གདོང་ཐུག་ཐོན་ཚུན་ལེ་པ་ནོན་ལ་འཇབ་རྒོལ་ཤུགས་དྲག་ཆེ་ཤོས་དེ་བྱས་ཡོད་པ་རེད།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས། སྐྱབས་མགོན་ཏང་གིས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལས་འགལ་བའི་བྱ་སྤྱོད་གང་རུང་ལ་དབྱི་སི་རལ་གྱིས་དྲག་ཤུགས་ཐོག་ནས་ཡ་ལན་སྤྲོད་རྒྱུ་ཡིན། དམག་མཚམས་འཇོག་པའི་དུས་ཡུན་དེ་སྐྱབས་མགོན་ཏང་ལ་རག་ལས་ཡོད། དབྱི་སི་རལ་གྱིས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་དང་ལེན་བྱེད་དོན་ནི་གཅིག་ནས་དབྱི་རན་གྱི་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུ་དང་། གཉིས་ནས་དཔུང་སྡེར་ངལ་གསོ་དང་ལེགས་སྒྲིག་བྱེད་དུ་འཇུག་རྒྱུ་མ་ཟད། གོ་མཚོན་གསོག་འཇོག་དང་ཁ་གསབ་བྱེད་དུ་འཇུག་རྒྱུ། གསུམ་ནས་དགྲ་ཕྱོགས་ཀྱི་ལྷོ་བྱང་འཐབ་ཕྱོགས་དབར་གྱི་འབྲེལ་བ་གཅོད་པ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཁེར་རྐྱང་དུ་འཇོག་རྒྱུ་བཅས་ཡིན་ཞེས་བརྗོད་པ་རེད།
ལེ་པ་ནོན་བར་བརྒལ་སྲིད་གཞུང་གི་ཙུང་ལི་སྨི་ཁ་ཐི་ཡིས་སྤྱི་ཚེས་26ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་དང་ལེ་པ་ནོན་གྱི་སྐྱབས་མགོན་ཏང་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད། ཉིན་དེར་ལེ་པ་ནོན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧ་པི་པུའུ་ཡིས། གལ་སྲིད་དམག་དཔུང་ཕྱིར་འཐེན་བྱས་ཚེ། ལེ་པ་ནོན་སྲིད་གཞུང་དམག་གིས་ལེ་པ་ནོན་གྱི་ལྷོ་རྒྱུད་ས་ཁུལ་དུ་ཉུང་མཐར་ཡང་དམག་མི་5000བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།