ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་སྨྱན་སྦྱོར་གྱིས་དབྱི་སི་རལ་གྱིས་ལི་པ་ནོན་སྐྱབས་མགོན་ཏང་བར་གྱི་བར་བརྒྱུད་ཀྱི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱས་པ།

2024-11-26 09:36:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་25ཉིན་དབྱི་སི་རལ་སྨྱན་སྦྱོར་མང་པོ་ཞིག་གིས་སྤེལ་བའི་གསར་འགྱུར་ནང་། དབྱི་སི་རལ་གྱིས་ལི་པ་ནོན་སྐྱབས་མགོན་ཏང་བར་གྱི་བར་བརྒྱུད་ཀྱི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཤད་འདུག གནས་ཚུལ་སྤེལ་བའི་ནང་། དམག་མཚམས་འཇོག་པའི་གྲོས་ཆོད་ལག་བསྟར་བྱ་རྒྱུ་དེ་དུས་མཚམས་ཁ་ཤས་ལ་དབྱེ་ཡོད་པ་སྟེ། དང་པོ་ནི་གདོང་ཐུག་ཕྱོགས་གཉིས་པོ་དགྲ་ཁ་གཏད་དུ་ལངས་པའི་བྱ་སྤྱོད་མཚམས་འཇོག་བྱེད་པ་དང་། སྐྱབས་མགོན་ཏང་གི་དྲག་ཤོག་ལི་ཐ་ཉི་ཆུ་བོའི་བྱང་ཕྱོགས་ས་ཁུལ་དུ་ཕྱིར་འཐེན་བྱེད་དགོས། གཉིས་པ་ནི། དབྱི་སི་རལ་རྒྱལ་སྲུང་དམག་གིས་ལི་པ་ནོན་ལྷོ་རྒྱུད་ནས་ཕྱིར་འཐེན་བྱ་རྒྱ། གསུམ་པ་ནི། ཕྱོགས་གཉིས་པོས་རྩོད་གཞི་ཡོད་པའི་མཐའ་མཚམས་ས་ཁུལ་ཐད་དབྱེན་འབྱེད་གྲོས་མོལ་བྱས་ནས། དབྱི་སི་རལ་དང་ལི་པ་ནོན་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་གཏན་འཁེལ་བྱ་རྒྱུ་བཅས་ཡིན། ལི་པ་ནོན་སྐྱབས་མགོན་ཏང་གིས་དེའི་གོང་། དམག་མཚམས་འཇོག་ཐུབ་མིན་གྱི་ཆ་རྐྱེན་དང་པོ་དེ་ནི་དབྱི་སི་རལ་གྱིས་ལི་པ་ནོན་ལ་བཙན་འཛུལ་བྱེད་མཚམས་བཞག་པ་དང་ཆབས་ཅིག་ལི་པ་ནོན་གྱི་བདག་དབང་ལ་བརྩི་འཇོག་བྱ་རྒྱུའི་དམ་བཅའ་བཞག་པ་དང་། དབྱི་སི་རལ་གྱིས་དབྱེན་འབྱེད་གྲོས་མོལ་བྱེད་པའི་ཁྲོད་ཟུར་སྣོན་གྱི་ཆ་རྐྱེན་འདོན་རྒྱུ་མེད་པ་བཅས་ཡིན་ཞེས་འཁོད་འདུག

  དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་25ཉིན་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། ཉིན་དེར་དབྱི་སི་རལ་དམག་གིས་ལི་པ་ནོན་སྐྱབས་མགོན་ཏང་གི་དྲག་ཤོག་ཡོད་སའི་པེ་རུ་ཐེའི་ལྷོ་འདབས་ཀྱི་མཚོ་གཏད་མེ་ཤུགས་འཕུར་མདེལ་དཔུང་སྡེའི་བཀོད་འདོམས་ཁང་དང་། འཕྲིན་གཏོང་དམག་དཔུང་གི་བཀོད་འདོམས་ཁང་དེ་བཞིན་བཀོད་འདོམས་ཁང་གཞན་གཉིས་བཅས་ལ་མཁའ་ཐོག་འཇབ་རྒོལ་བྱས་ཡོད། དེ་མིན། དབྱི་སི་རལ་དམག་གིས་ད་དུང་ལི་པ་ནོན་ལྷོ་རྒྱུད་དུ་ཡོད་པའི་ལི་པ་ནོན་སྐྱབས་མགོན་ཏང་གི་མེ་ཤུགས་འཕུར་མདེལ་གྱི་འཕེན་གཏོང་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཡོད། དབྱི་སི་རལ་དམག་གིས་སྒྲིག་ཆས་འདིས་ཉིན་དེའི་སྔ་དྲོར་དབྱི་སི་རལ་བྱང་རྒྱུད་ཀྱི་མཐའ་མཚམས་གྲོང་རྡལ་ན་ཧ་ལི་ཡར་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་ཡོད་ཅེས་བཤད་འདུག

  ཚེས་25ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱུར་བར། དབྱི་སི་རལ་དམག་ཕྱོགས་ཀྱིས། རེས་འཁོར་འདིའི་ལི་པ་ནོན་དང་དབྱི་སི་རལ་བར་གྱི་གདོང་ཐུག་ཐོན་རིང་། དབྱི་སི་རལ་མཁའ་དམག་གིས་ལི་པ་ནོན་གྱི་རྒྱལ་ས་པེ་རུ་ཐེ་ལྷོ་འདབས་སུ་ཡོད་པའི་ལི་པ་ནོན་སྐྱབས་མགོན་ཏང་གི་དམིགས་འབེན་ཧ་ལམ་280ཙམ་ལ་རྡུང་རྡེག་བཏང་ཡོད་པ་དང་། གྲངས་ཀ་འདི་ནི་2006ལོར་ལི་པ་ནོན་དང་དབྱི་སི་རལ་བར་གདོང་ཐུག་ཐོན་རིང་དབྱི་སི་རལ་དམག་གིས་ལི་པ་ནོན་སྐྱབས་མགོན་ཏང་གི་དམིགས་འབེན་ལ་རྡུང་རྡེག་གཏོང་བའི་གྲངས་འབོར་གྱིས་ལྡབ་གཉིས་ཙམ་ཡིན་པ་དང་། སྐབས་དེར་དབྱི་སི་རལ་དམག་གིས་དམིགས་འབེན་140ལྷག་ཙམ་ལ་རྡུང་རྡེག་བཏང་ཡོད་ཅེས་ཟུར་གསལ་བྱས་འདུག

中央广播电视总台 央广网 版权所有

དབྱི་སི་རལ་སྨྱན་སྦྱོར་གྱིས་དབྱི་སི་རལ་གྱིས་ལི་པ་ནོན་སྐྱབས་མགོན་ཏང་བར་གྱི་བར་བརྒྱུད་ཀྱི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱས་པ།

སྐབས་དེར་དབྱི་སི་རལ་དམག་གིས་དམིགས་འབེན་140ལྷག་ཙམ་ལ་རྡུང་རྡེག་བཏང་ཡོད་ཅེས་ཟུར་གསལ་བྱས་འདུག