དབྱི་སི་རལ་ཕྱོགས་ཀྱིས་ལེ་པ་ནོན་དང་དམག་མཚམས་འཇོག་པའི་གྲོས་མོལ་ལ་འཕེལ་རིམ་ཐོན་ཡོད་ཅེས་བརྗོད་པ་དང་། ལེ་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་དམག་དང་ཡུན་རིང་དམག་འཐབ་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་བརྗོད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལི་པ་ནོན་བྱང་རྒྱུད་ཀྱི་ཨ་ཁ་མངའ་སྡེའི་གྲོང་ཚོ་ཞིག་ཏུ་ཚེས་11ཉིན་དབྱི་སི་རལ་དམག་གི་མཁའ་ཐོག་འཇབ་རྒོལ་ཕོག་ནས་ཉུང་མཐར་ཡང་མི་28རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་པོར་རྨས་སྐྱོན་ཕོག་ཡོད། ཨ་ཁ་མངའ་སྡེ་ནི་ལེ་པ་ནོན་གྱི་ཆེས་བྱང་ངོས་སུ་གནས་པ་དང་། ལེ་པ་ནོན་དང་དབྱི་སི་རལ་གྱི་གནས་སྐབས་མཐའ་མཚམས་དང་བར་ཐག་སྤྱི་ལེ་180ཙམ་ཡོད། དབྱི་སི་རལ་དམག་གིས་ཉིན་དེའི་དགོང་མོ་ད་དུང་ཀ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ཧན་ཡིའུ་ཉི་སིའི་ནུབ་རྒྱུད་མ་ཝ་ཞི་ས་ཁུལ་གྱི་ཡུལ་གྱར་བ་བསྡུ་ཉར་བྱེད་སའི་གུར་ཞིག་ལ་འཇབ་རྒོལ་བྱས་པས། མི་10རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་མང་པོར་རྨས་སྐྱོན་ཕོག་ཡོད།
དབྱི་སི་རལ་གྱི་ཕྱི་འབྲེལ་པུས་ཚེས་11ཉིན། ལེ་པ་ནོན་དང་དམག་མཚམས་འཇོག་པའི་གྲོས་མོལ་ལ་འཕེལ་རིམ་ཐོན་ཡོད་ཅེས་བརྗོད་ཡོད། ལེ་པ་ནོན་སྐྱབས་མགོན་ཏང་གི་སྨྱན་སྦྱོར་འབྲེལ་བའི་འགན་འཁུར་བས་ཉིན་དེ་རང་ལ། ལེ་པ་ནོན་ལ་དམག་མཚམས་འཇོག་རྒྱུའི་སྐོར་གྱི་ཞིབ་ཕྲའི་གྲོས་འགོ་འབྱོར་མ་བྱུང་། དབྱི་སི་རལ་དམག་གིས་སྐྱབས་མགོན་ཏང་གི་མཚོན་ཆ་མཛོད་ཉར་བྱེད་ཚད་མར་ཆག་པའི་སྐོར་གྱི་བཤད་ཚུལ་དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། ལེ་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་དམག་དང་ཡུན་རིང་འཐབ་རྩོད་བྱེད་སྲིད་པའི་ཐད་རིམ་པ་ཁག་ནས་གྲ་སྒྲིག་ཡག་པོ་བྱས་ཟིན་ཞེས་བརྗོད་ཡོད། ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུས་དེ་ཉིན་བརྡ་ཁྱབ་བཏང་བའི་ནང་། 2023ལོའི་ཟླ་10ཚེས་8ཉིན་ལེ་པ་ནོན་དང་དབྱི་སི་རལ་དབར་གདོང་ཐུག་ཐོན་པ་ནས་བཟུང་། ལེ་པ་ནོན་མངའ་ཁོངས་ནང་མི་3243རྐྱེན་ལམ་དུ་ཤོར་བ་དང་མི་14134ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་ཡོད།
ཨ་རབ་དང་དབྱི་སི་ལམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཉམ་འབྲེལ་དམིགས་བསལ་དབུ་ཚོགས་དེ་ཚེས་11ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེར་འགོ་ཚུགས་པ་དང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་འབྲེལ་གཏམ་བཤད་སྤེལ་ནས། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་བར་རིགས་རྒྱུད་རྩ་མེད་གཏོང་བའི་བྱ་སྤྱོད་སྤེལ་བའི་ཐད་སོ་ཏི་ཨ་རབ་ཀྱིས་སླར་ཡང་རྒོལ་གཏམ་གཏོང་རྒྱུ་དང་འབྲེལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་དང་ལེ་པ་ནོན་ལ་རྒྱུན་མཐུད་དམག་དོན་བྱ་སྤྱོད་སྤེལ་བར་དམིགས་ཏེ། སོ་ཏི་ཨ་རབ་ཀྱིས་ཕ་ལེ་སི་ཐན་དང་ལེ་པ་ནོན་གྱི་མང་ཚོགས་དང་མཉམ་དུ་ལངས་རྒྱུ་ཡིན་ཞེས་བརྗོད་ཡོད། ལེ་པ་ནོན་གནས་སྐབས་སྲིད་གཞུང་གི་ཙུང་ལི་སྨི་ཁ་ཐི་ཡིས། ལེ་པ་ནོན་ལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཅིང་རྒྱལ་ཁབ་དེའི་ད་ལྟ་དང་འབྱུང་འགྱུར་ལ་འཇིགས་སྐུལ་བཟོ་པའི་ཉམས་ཉེན་ཚབས་ཆེན་འཕྲད་བཞིན་ཡོད་པ་དང་། ལེ་པ་ནོན་ལ་དབྱི་སི་རལ་གྱིས་བཙན་འཛུལ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས། ཕ་ལེ་སི་ཐན་དང་ལེ་པ་ནོན་གྱི་མངའ་ཁོངས་སུ་བཙན་འཛུལ་བྱས་པ་དེ་རྒྱལ་སྤྱིའི་མ་ལག་ཧྲིལ་པོར་འགྲན་སློང་བྱས་པ་ཞིག་ཡིན་པས་དང་ལེན་བྱེད་ཐབས་བྲལ་ཡོད་ཅེས་བརྗོད་ཡོད། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་ཀེ་ཐེས། ང་ཚོས་1967ལོའི་མཐའ་མཚམས་རྨང་གཞིར་བྱེད་ཅིང་ཅེབ་རུ་ས་ལེམ་ཤར་མ་རྒྱལ་སར་བྱེད་པའི་རང་བཙན་བདག་དབང་ཡོད་པའི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། ཀེ་ཐེས་ཀ་ཧྲ་དང་ལེ་པ་ནོན་དུ་དམག་མཚམས་འཇོག་རྒྱུ་དང་འབྲེལ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ལག་བསྟར་བྱ་རྒྱུའི་རེ་འབོད་བྱས་ཡོད། དབྱི་སི་ལམ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཐ་ཧ་ཡིས། ད་ཐེངས་ཀྱི་དབུ་ཚོགས་དེ་ནི་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་དང་ལེ་པ་ནོན་ལ་དམིགས་ནས་བཟོས་པའི་རྒྱུན་མཐུད་གཏུམ་སྤྱོད་དང་རིགས་རྒྱུད་རྩ་མེད་དུ་གཏོང་བའི་བྱེད་སྤྱོད་ལ་ལན་ཆ་བྱས་པ་ཞིག་ཡིན། དབྱི་སི་རལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་མངོན་སུམ་འཛེམས་མེད་ངང་རྒྱབ་འགལ་བྱས་ཡོད་པས། དགྲར་འཛིན་གྱི་བྱེད་སྤྱོད་འཕྲལ་མར་མཚམས་འཇོག་བྱེད་དགོས་ངེས་ཡིན་ཞེས་བརྗོད་ཡོད།