ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་རྒྱལ་ཁབ་ལག་རྩལ་ཚོགས་པས་ཨུ་རུ་སུའི་དམག་ཕྱོགས་ལ་དམག་འཐབ་གནམ་གྲུ་གསར་པ་ཁག་གཅིག་སྤྲད་པ་དང་། ཙེ་ལེན་སི་ཅིས་ཕྱི་རྒྱལ་གྱི་དཔོན་རིགས་དང་ཐུག་དུས་ཡུག་རེན་གྱི་རོགས་སྐྱོར་སོགས་ཀྱི་ཐད་གྲོས་མོལ་བྱས་པ།

2024-11-12 10:30:00     责编:娜科

  

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་སྡེ་ཚན་གྱིས་སྤྱི་ཚེས་11ཉིན་ཡུག་རེན་གྱི་མི་མེད་གནམ་གྲུ་96ས་ལ་འཕངས་པ་དང་བཀག་འགོག་བྱས་ཡོད་ཅེས་བརྗོད་ཡོད་ཅིང་།  ཡུག་རེན་གྱིས་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་མངའ་ཁོངས་སུ་ཁྱོན་བསྡོམས་ཕར་རྒོལ་རང་བཞིན་གྱི་མི་མེད་གནམ་གྲུ་145བཏང་ཡོད་ཅེས་བརྗོད་ཡོད། 

   ཨུ་རུ་སུའི་རྒྱལ་ཁབ་ལག་རྩལ་ཚོགས་པས་སྤྱི་ཚེས་11ཉིན་ཨུ་རུ་སུའི་དམག་ཕྱོགས་ལ་སུའུ་-57རྟགས་ཅན་གྱི་དམག་འཐབ་གནམ་གྲུ་དང་སུའུ་--35Sརྟགས་ཅན་གྱི་དམག་འཐབ་གནམ་གྲུ་གསར་པ་ཁག་གཅིག་སྤྲད་ཡོད་པ་བརྗོད་ཡོད། སུའུ་-57ནི་མིག་སྔར་དངོས་འཐབ་ཁོར་ཡུག་འོག་རྒོལ་སྲུང་ནུས་པ་ར་སྤྲོད་བྱས་ཟིན་པའི་རབས་ལྔ་བའི་དམག་འཐབ་གནམ་གྲུ་གཅིག་པུ་དེ་ཡིན།

  སྤྱི་ཚེས་11ཉིན། ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཀྱིས་ཨ་རི་དང་དབྱིན་ཇིས་སླར་ཡང་པེ་ཞི་རང་བྱུང་སོལ་རླངས་སྦུག་ལམ་ལ་གཏོར་བཤིག་བཏང་བ་དང་འདྲ་བའི་འཇིགས་སྐུལ་འཇབ་རྒོལ་བྱེད་སྲིད་ཅེས་བརྗོད་ཡོད།  ཆ་འཕྲིན་ལས་མངོན་པ་ལྟར་ན། ཨ་རི་དང་དབྱིན་ཇིས་"པེ་ཞི་"སྦུག་ལམ་ལ་གཏོར་བཤིག་བཏང་བའི་བྱ་སྤྱོད་དེ་ནི་རང་ཕྱོགས་ཀྱི་དཔལ་འབྱོར་ཁེ་ཕན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཅིག་ཏུ་རྩི་བཞིན་ཡོད་པ་རེད།

  སྤྱི་ཚེས་11ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་ཁོང་གིས་ཉིན་དེར་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་སྡེ་ཚན་གྱི་ཚོགས་འདུ་འཚོགས་ནས་ཡུག་རེན་གྱི་མཁའ་ཟོན་ནུས་པར་ཤུགས་སྣོན་རྒྱག་པ་དང་ཨུ་རུ་སུའི་འཕུར་མདའི་རྡུང་རྡེག་ལ་ཁ་གཏད་གཅོག་རྒྱུའི་སྐོར་གྱི་སྙན་ཞུར་གསན་པ་དང་འབྲེལ། དམིགས་འབེན་གཙོ་བོའི་ས་ཁོངས་སུ་འཕྲུལ་སྒུལ་མེ་ཤུགས་ཚོགས་ཆུང་གི་གྲངས་འབོར་མང་དུ་གཏོང་རྒྱུའི་ཐག་བཅད་ཡོད་ཅེས་བསྟན་ཡོད་པ་དང་།  ཉིན་དེར་ཁོང་གིས་ད་དུང་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་པོས་གཙོ་བོ་ཡུག་རེན་དང་ཡོ་རོབ་མནའ་འབྲེལ་བར་གོམ་གང་མདུན་སྤོས་མཉམ་ལས་བྱ་རྒྱུ་དང་ཡུག་རེན་གྱི་དམག་དོན་རོགས་སྐྱོར་མང་དུ་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་བསྡུར་བྱས་ཡོད།

  ཡུག་རེན་རྒྱལ་སྲུང་སྡེ་ཚན་གྱིས་ཉིན་དེར་ཡུག་རེན་དང་ཏེན་མག་བར་མཚོན་ཆ་ཉོ་སྒྲུབ་ཀྱི་གྲོས་མཐུན་མང་པོ་བཞག་ཡོད་པ་བརྗོད་ཡོད་པ་དང་།   ཏེན་མག་གིས་ཡུག་རེན་ནས་མེ་སྒྱོགས་དང་མི་མེད་གནམ་གྲུ། འཕུར་མདེལ་སོགས་ཉོ་རྒྱུ་ཡིན་ཞིང་། དེས་ཏེན་མག་གིས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་སྟངས་དེ་མཚོན་ཆ་ཞལ་འདེབས་འབུལ་བ་ནས་ཡུག་རེན་གྱི་དམག་དོན་བཟོ་ལས་ཐོན་སྐྱེད་ལ་རོགས་སྐྱོར་བྱེད་རྒྱུར་བསྒྱུར་བ་མཚོན་ཡོད།

中央广播电视总台 央广网 版权所有

ཨུ་རུ་སུའི་རྒྱལ་ཁབ་ལག་རྩལ་ཚོགས་པས་ཨུ་རུ་སུའི་དམག་ཕྱོགས་ལ་དམག་འཐབ་གནམ་གྲུ་གསར་པ་ཁག་གཅིག་སྤྲད་པ་དང་། ཙེ་ལེན་སི་ཅིས་ཕྱི་རྒྱལ་གྱི་དཔོན་རིགས་དང་ཐུག་དུས་ཡུག་རེན་གྱི་རོགས་སྐྱོར་སོགས་ཀྱི་ཐད་གྲོས་མོལ་བྱས་པ།

ཡུག་རེན་རྒྱལ་སྲུང་སྡེ་ཚན་གྱིས་ཉིན་དེར་ཡུག་རེན་དང་ཏེན་མག་བར་མཚོན་ཆ་ཉོ་སྒྲུབ་ཀྱི་གྲོས་མཐུན་མང་པོ་བཞག་ཡོད་པ་བརྗོད་ཡོད་པ་དང་།