ལེ་པ་ནོན་གྱི་ས་ཆ་མང་པོར་ཡོད་པའི་སྐྱབས་མགོན་ཏང་གི་འབྲེལ་ཡོད་དངུལ་རྩའི་ལས་ཁུངས་ལ་དབྱི་སི་རལ་དམག་གིས་མཁའ་ཐོག་ནས་འཇབ་རྒོལ་བྱས་པ་དང་། སྐྱབས་མགོན་ཏང་གིས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདེལ་འཕངས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་20ཉིན་དབྱི་སི་རལ་གྱིས་ལེ་པ་ནོན་ལ་མཁའ་ཐོག་འཇབ་རྒོལ་དྲག་པོ་བྱས་ཡོད། ལེ་པ་ནོན་སྐྱབས་མགོན་ཏང་གི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་གིས་ཚེས་20ཉིན་གྱི་ཞོགས་པ་པེ་རུ་ཐེའི་ལྷོ་འདབས་སུ་ཉུང་མཐར་ཡང་མཁའ་ཐོག་འཇབ་རྒོལ་ཐེངས་4བྱས་ཡོད་པ་རེད། དབྱི་སི་རལ་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། མཁའ་ཐོག་འཇབ་རྒོལ་གྱི་བྱ་སྤྱོད་ནང་སྐྱབས་མགོན་ཏང་གི་བཀོད་འདོམས་པ་3བསད་ཡོད་ཅེས་བསྟན་ཡོད་པ་རེད།
དེ་མིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་དབྱི་སི་རལ་ཕྱོགས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་པེ་རུ་ཐེ་ཡི་ལྷོ་འདབས་དང་། ལེ་པ་ནོན་ཤར་རྒྱུད་ཀྱི་པེ་ཁ་ས་ཁུལ། ལེ་པ་ནོན་གྱི་ལྷོ་རྒྱུད་ས་ཁུལ་བཅས་ཀྱི་ས་ཁུལ་24རུ་ཡོད་པའི་ལེ་པ་ནོན་གྱི་མང་ཚོགས་ལ་དེ་དང་འདྲ་བའི་ཕྱིར་འཐེན་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།
“ཁ་ཏེ་ཧ་སང་མཐུན་ཚོགས”ཞེས་པས་ལེ་པ་ནོན་གྱི་མང་ཚོགས་ལ་འབོར་གྲངས་ཉུང་བའི་དངུལ་བུན་གཏོང་བ་སོགས་ཀྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ལས་ཁུངས་དེ་དང་ལེ་པ་ནོན་སྐྱབས་མགོན་ཏང་དབར་འབྲེལ་བ་ཟབ་མོ་ཡོད་ཅིང་། སྐྱབ་དགོན་ཏང་ཁོངས་གཏོགས་ཀྱི་དངུལ་རྩའི་ལས་ཁུངས་ཞིག་ཡིན་པ་རེད།
གཞན་ཡང་། ལེ་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་གྱི་ས་ཁོངས་ནང་གི་ཡུལ་མིའི་གནས་སྡོད་ས་ཚིགས་མང་པོ་ཞིག་ལ་མེ་ཤུགས་འཕུར་མདེལ་འཕེན་ཡོད་ཅེས་བསྟན་ཡོད། དབྱི་སི་རལ་རྒྱལ་སྲུང་དམག་གིས་ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་གྱི་ཕྱི་དྲོ། ཉིན་དེར་ལེ་པ་ནོན་སྐྱབས་མགོན་ཏང་གིས་དབྱི་སི་རལ་གྱི་བྱང་རྒྱུད་དུ་མེ་ཤུགས་འཕུར་མདེལ་170ལྷག་ཙམ་འཕེན་གཏོང་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
ལེ་པ་ནོན་གྱི་སྤྱི་པའི་འཕྲོད་བསྟེན་པུས། 2023ལོའི་ཟླ་བ་10ཚེས་8ཉིན་ལེ་པ་ནོན་དང་དབྱི་སི་རལ་དབར་གྱི་རེས་འཁོར་འདིའི་གདོང་ཐུག་ཐོན་པ་ནས་བཟུང་། ལེ་པ་ནོན་དུ་མི་2464རྐྱེན་ལམ་དུ་ཤོར་བ་དང་མི་11530ལ་རྨས་སྐྱོན་ཕོག་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེས་ཚེས་20ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་སྐམ་དམག་གི་ས་འབུད་འཕྲུལ་འཁོར་ཞིག་གིས་ཉིན་དེའི་སྔ་ཙམ་སྐབས་སུ་ལེ་པ་ནོན་ལྷོ་རྒྱུད་ཀྱི་མཐའ་མཚམས་གྲོང་ཚོ་མའར་ཝ་ཤིན་ཏུ་གནས་པའི་་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་སྡེའི་སྒར་སའི་རྒྱང་ལྟ་ཁང་ཞིག་དང་ལྕགས་དྲ་རྐང་བཙུགས་ནས་བཤིག་ཡོད་ཅེས་བསྟན་ཡོད་པ་རེད།
ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་སྡེས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དང་བྱ་སྤྱོད་སྤེལ་མཁན་ཚང་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པའི་འགན་འཁྲི་ཡོད་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་བཙན་གནོད་བྱེད་མི་རུང་བའི་རང་བཞིན་ལ་བརྩི་འཇོག་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། གསལ་བསྒྲགས་ནང་། དབྱི་སི་རལ་རྒྱལ་སྲུང་དམག་གིས་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་སྡེར་ལེ་པ་ནོན་དང་དབྱི་སི་རལ་གྱི་གནས་སྐབས་མཐའ་མཚམས་རྒྱུད་ཀྱི་གཡུལ་ས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་ཐེངས་མང་བཏོན་པ་མ་ཟད། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒར་སར་རྐང་བཙུགས་ནས་གཏོར་བཤིག་བཏང་ཡོད། མ་གཞི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་ཆེད་མངགས་ཚོགས་པ་དང་མངགས་གཏོང་བྱེད་མཁན་རྒྱལ་ཁབ་ལ་གནོན་ཤུགས་འཕྲད་ཡོད་མོད། འོན་ཀྱང་ཞི་སྲུང་མི་སྣས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།