ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་དམག་གིས་ཚེས་21ཉིན་གྱི་དགོང་མོ་ལི་པ་ནོན་ལྷོ་རྒྱུད་ལ་མཁའ་ཐོག་འཇབ་རྒོལ་བྱས་པས་མི་5རྐྱེན་ལམ་དུ་ཤོར་བ་དང་མི་24ལ་རྨས་སྐྱོན་ཕོག་ཡོད།

2024-10-22 14:48:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལི་པ་ནོན་པེ་རུ་ཐེ་ལྷོ་རྒྱུད་ཀྱི་ཅི་ན་ས་ཁུལ་དུ་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་21ཉིན་གྱི་དགོང་མོ་དབྱི་སི་རལ་དམག་གི་མཁའ་ཐོག་འཇབ་རྒོལ་ཕོག་ཡོད། མིག་སྔར་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་24ལ་རྨས་སྐྱོན་ཕོག་ཡོད། སྔ་ཙམ་སྐབས་སུ། དབྱི་སི་རལ་དམག་གི་མགྲིན་ཚབ་པས། ཕྱིར་འཐེན་བྱེད་པའི་བཀའ་རྒྱ་མང་པོ་ཞིག་ཡོངས་བསྒྲགས་བྱས་ནས། ལི་པ་ནོན་པེ་རུ་ཐེ་ལྷོ་འདབས་ཀྱི་དམིགས་སའི་ས་ཁོངས་ཁག་གཅིག་ཏུ་ཡོད་པའི་མང་ཚོགས་རྣམས་གང་མགྱོགས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད།

  དབྱི་སི་རལ་དམག་གིས་ཚེས་21ཉིན་མུ་མཐུད་ལི་པ་ནོན་ལྷོ་རྒྱུད་དུ་བྱ་སྤྱོད་སྤེལ་ནས། ལི་པ་ནོན་སྐྱབས་མགོན་ཏང་གི་གོ་མཚོན་འཇོག་སའི་མཛོད་ཁང་ཞིག་ཤེས་རྟོགས་བྱུང་ནས་འབར་གཏོར་བཏང་བ་དང་། མཛོད་ཁང་ནང་དུ་མེ་ཤུགས་འཕུར་མདེལ་དང་། མེ་སྒྱོགས། མེ་མདའ་སྦག་སྦག འབར་གཏོར་སྒྲིག་ཆས། སྒྲིག་ཆས་གཞན་བཅས་བཅུ་གྲངས་ཡོད་པ་རེད། ལི་པ་ནོན་སྐྱབས་མགོན་ཏང་གིས། དྲག་ཤོག་འདིས་དབྱི་སི་རལ་དམག་གི་དམིགས་འབེན་ལ་བྱ་སྤྱོད་ཐེངས་མང་སྤེལ་བ་མ་ཟད་དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གཏོར་ལྷུངས་བཏང་ཡོད་ཅེས་བརྗོད་ཡོད།

  ཚེས་21ཉིན་གྱི་ཐོ་རེངས་ནས་བཟུང་། དབྱི་སི་རལ་དམག་གིས་ཀ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བས་ཁྱོན་མི་57རྐྱེན་ལམ་དུ་ཤོར་བ་དང་། དེའི་ཁྲོད་མི་44ཀ་ཧྲ་ས་ཁུལ་བྱང་རྒྱུད་དུ་གནས་ཡོད།

  སི་རི་ཡའི་དམག་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱི་སི་རལ་གྱིས་ཚེས་21ཉིན་གྱི་ཕྱི་དྲོ་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀེའི་མའེ་ཙའེ་ཁུལ་དུ་དམངས་སྤྱོད་རླངས་འཁོར་ཞིག་ལ་མཁའ་ཐོག་འཇབ་རྒོལ་བྱས་ཡོད་པས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་3ལ་རྨས་སྐྱོན་ཕོག་ཡོད། དབྱི་སི་རལ་དམག་གི་མགྲིན་ཚབ་པས་ཉིན་དེར་སི་རི་ཡར་མཁའ་ཐོག་འཇབ་རྒོལ་བྱས་པར་ར་སྤྲོད་བྱས་ཡོད། འཇབ་རྒོལ་བྱེད་སའི་དམིགས་ཡུལ་ནི་ལི་པ་ནོན་སྐྱབས་མགོན་ཏང་གི་དངུལ་རྩའི་ལས་ཁུངས་ཀྱི་འགམ་འཁུར་བ་ཡིན་ཞིང་། ཚན་པ་དེས་དབྱི་རན་གྱི་དངུལ་དམར་སྐྱབས་མགོན་ཏང་ལ་དབོར་འདྲེན་བྱེད་པའི་འགན་འཁུར་གྱི་ཡོད།

  དབྱི་སི་རལ་དམག་ལ་འབྱོར་བའི་གསང་འཕྲིན་ལ་གཞིགས་ན། ལི་པ་ནོན་སྐྱབས་མགོན་ཏང་གི་ཡོང་འབབ་གཙོ་བོ་དབྱི་རན་ནས་བྱུང་བ་ཕུད། ཁ་ཏེ་ཧ་སང་མཐུན་ཚོགས་ལ་བརྟེན་ནས་ལི་པ་ནོན་སྤྱི་དམངས་ཀྱི་མ་དངུལ་སྤྱད་ནས་བྱ་སྤྱོད་སྤེལ་གྱི་ཡོད།

  དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཉིན་དེར་ལི་པ་ནོན་སྐྱབས་མགོན་ཏང་གི་ཁོངས་སུ་གཏོགས་པའི་དངུལ་རྩའི་ལས་ཁུངས་ཁ་ཏེ་ཧ་སང་མཐུན་ཚོགས་དེ་འཇིགས་སྐུལ་སྒྲིག་འཛུགས་དང་་ལི་པ་ནོན་སྐྱབས་མགོན་ཏང་གི་ཡན་ལག་ཞིག་ཡིན་པ་ཡོངས་བསྒྲགས་བྱས་ཡོད། དེ་མིན། ཅེ་ཧ་ཏེས་ཁོང་ཚོའི་དྲུང་ཆེ་ཉིན་དེའི་དགོང་མོར་ཏ་མ་ཧྲི་ཀེ་རུ་གྲོངས་པའི་གསར་འགྱུར་དེར་ཁས་ལེན་བྱས་མེད་པ་རེད།

  ཉིན་དེར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་1701མགྱོགས་ནས་མྱུར་དུ་ལག་བསྟར་ཏན་ཏིག་བྱས་ནས། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེར་ལེ་པ་ནོན་གྱི་ལྷོ་རྒྱུད་ས་ཁུལ་དུ་གདུག་རྩུབ་ཆེ་བའི་ཕོག་ཐུག་ཕོག་ཏུ་འཇུག་མི་རུང་། མིག་སྔར་སྔོན་ལ་སྒྲུབ་དགོས་པའི་བྱ་བ་ནི་འཕྲལ་དུ་དམག་མཚམས་འཇོག་རྒྱུ་དེ་ཡིན་ཞེས་བཤད་པ་རེད། གྲོས་ཆོད་ཨང་1701དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་2006ལོའི་ཟླ་8ཚེས་11ཉིན་གྲོས་འཆམ་བྱུང་བ་དང་། དེའི་དམིགས་ཡུལ་ནི་ལོ་དེའི་ཟླ་7པར་ཐོན་པའི་ལེ་པ་ནོན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་མཚམས་འཇོག་བྱ་རྒྱུ་དེ་ཡིན་པ་དང་། ལི་ཐ་ཉི་ཆུ་བོ་ནས་སྔོ་ཐིག་བར། ལེ་པ་ནོན་སྲིད་གཞུང་གི་དམག་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་དཔུང་སྡེ་ཕུད་པའི་དྲག་ཆས་གཞན་གང་ཡང་བསྡད་མི་ཆོག་པའི་གཏན་འབེབས་བྱས་ཡོད། སྔོ་ཐིག་ཅེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པ་ནོན་དང་དབྱི་སི་རལ་གྱིས་བཟུང་བའི་ཀེ་ལན་མཐོ་སའི་བར་དབྱེ་བའི་གནས་སྐབས་ཀྱི་མཚམས་ཐིག་ཅིག་རེད། 

   

中央广播电视总台 央广网 版权所有

དབྱི་སི་རལ་དམག་གིས་ཚེས་21ཉིན་གྱི་དགོང་མོ་ལི་པ་ནོན་ལྷོ་རྒྱུད་ལ་མཁའ་ཐོག་འཇབ་རྒོལ་བྱས་པས་མི་5རྐྱེན་ལམ་དུ་ཤོར་བ་དང་མི་24ལ་རྨས་སྐྱོན་ཕོག་ཡོད།

སྔོ་ཐིག་ཅེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པ་ནོན་དང་དབྱི་སི་རལ་གྱིས་བཟུང་བའི་ཀེ་ལན་མཐོ་སའི་བར་དབྱེ་བའི་གནས་སྐབས་ཀྱི་མཚམས་ཐིག་ཅིག་རེད།