རེས་སྐོར་འདིའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཁྲོད་ཕྱོགས་གཉིས་པོའི་མི་ཆིག་ཁྲི་དྲུག་སྟོང་ཉིས་བརྒྱ་ལས་བརྒལ་བ་རྐྱེན་ལམ་དུ་ཤོར་བ་དང་། དབྱི་སི་རལ་དང་ཧ་མ་སིས་དམག་མཚམས་ཉིན་བཞི་འཇོག་རྒྱུ་ཡིན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན་ཨེ་ཅེབ་གསར་འགྱུར་སྤྱི་ཁྱབ་ཧྲུའུ་ཡིས། ཨེ་ཅེབ་ཀྱིས་ཀ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་པའི་གྲོས་ཆོད་དེ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་24ཉིན་གྱི་ཆུ་ཚོད་7པ་༼པེ་ཅིང་གི་དུས་ཚོད་སྤྱི་ཚེས་24ཉིན་གྱི་ཆུ་ཚོད་13ལ་༽ནུས་པ་ཐོན་རྒྱུ་གཏན་འཁེལ་བྱས་ཡོད། ཁ་ཐར་ཕྱི་འབྲེལ་པུས་སྤྱི་ཚེས་23ཉིན་གྱི་སྔ་ཙམ་སྐབས་སུ། ཧ་མ་སིས་ཉིན་དེར་བཀག་ཉར་བྱས་པའི་མི་སྣ་13གློད་གྲོལ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད།
ཧ་མ་སིའི་མངའ་འོག་གི་དྲག་ཤོག་ཤོག་ཁག་ཁ་སང་ལུས་ཤོག་གིས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། དམག་མཚམས་ཉིན་བཞི་འཇོག་རྒྱུ་དང་། ཧ་མ་སི་དང་། ཁ་སང་ལུས་ཤོག་དེ་བཞིན་དབྱི་སི་རལ་གྱི་དམག་དཔུང་གིས་དམག་མཚམས་འཇོག་པའི་རིང་དམག་དོན་བྱ་སྤྱོད་ཆ་ཚང་མཚམས་འཇོག་བྱ་རྒྱུ་ཡིན། བཀག་ཉར་བྱས་པའི་དབྱི་སི་རལ་ཕྱོགས་ཀྱི་མི་སྣ་རེ་དང་བཀག་ཉར་བྱས་པའི་ཕ་ལེ་སི་ཐན་གྱི་མི་སྣ་གསུམ་བརྗེ་རྒྱུ་ཡིན་པ་དང་། དེའི་ནང་བུད་མེད་དང་ཕྲུ་གུ་ཚུད་ཡོད། ཉིན་བཞིའི་ནང་ཚུན་དུ། དབྱི་སི་རལ་གྱི་མི་སྣ་50གློད་གྲོལ་གཏོང་རྒྱུ་ཡིན་པ་རེད། དེ་མིན། ཉིན་རེར་མྱུར་སྐྱོབ་དང་སྨན་བཅོས་སྤྱོད་རྫས་བླུགས་པའི་རླངས་འཁོར་200དང་དེ་བཞིན་འབར་རྒྱུ་དང་རང་བྱུང་རླངས་བླུགས་པའི་རླངས་འཁོར་4ཡང་ཀ་ཧྲ་ས་ཁུལ་དུ་འབྱོར་རྒྱུ་རེད་ཅེས་བསྟན་ཡོད།
དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐེས་སྤྱི་ཚེས་23ཉིན། ཧ་མ་སི་དང་དམག་མཚམས་འཇོག་པའི་གྲོས་ཆོད་མཇུག་འགྲིལ་ཚེ། དབྱི་སི་རལ་དམག་གིས་དམག་དོན་བྱ་སྤྱོད་སླར་གསོ་བྱ་རྒྱུ་ཡིན་པ་དང་། དབྱི་སི་རལ་དམག་གི་དམག་དོན་བྱ་སྤྱོད་ཀྱང་སྔོན་དཔག་བྱས་ན་ཉུང་མཐར་ཡང་ད་དུང་ཟླ་གཉིས་ཙམ་རྒྱུན་མཐུད་བྱ་རྒྱུ་རེད། དབྱི་སི་རལ་དམག་གིས་གནས་སྐབས་དམག་མཚམས་འཇོག་རིང་མུ་མཐུད་ནས་དམག་དོན་བྱ་སྤྱོད་སྤེལ་བའི་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་བཤད་ཡོད།
ཕ་ལི་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱི་སི་རལ་དམག་གིས་སྤྱི་ཚེས་23ཉིན་གྱི་དགོང་མོར་ཀ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེ་ཡུལ་གྱར་བའི་སྡོད་གནས་སུ་ཡོད་པའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཡོད། འཇབ་རྒོལ་དེའི་ཁྲོད་མི་27རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ཉུང་མཐར་ཡང་མི་93ལ་རྨས་སྐྱོན་བཟོས་ཡོད། དབྱི་སི་རལ་དམག་གི་དམག་འཐབ་གནམ་གྲུས་ཉིན་དེའི་དགོང་མོར་ད་དུང་ཀ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་པུ་ལའེ་ཅེ་ཡུལ་གྱར་བའི་སྡོད་གནས་དང་ནུ་སའེ་ལའེ་ཐེའི་ཡུལ་གྱར་བའི་སྡོད་གནས་ཀྱི་ཁང་པ་མང་པོ་ཞིག་དང་དམངས་སྤྱོད་རླངས་འཁོར་འབར་གཏོར་བྱས་ཡོད། དོན་རྐྱེན་དེའི་ཁྲོད་ཉུང་མཐར་ཡང་མི་14རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་མི་མང་པོ་ཞིག་ལ་རྨས་སྐྱོན་བྱུང་ཡོད། དེ་མིན། དབྱི་སི་རལ་དམག་གིས་ད་དུང་ཀ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ཁང་པ་ཞིག་ལ་འཇབ་རྒོལ་བྱས་ཡོད་པ་དང་། དེའི་ནང་མི་3རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་ཅེས་བསྟན་ཡོད།
མིག་སྔའི་བར་སླེབས་དུས། རེས་སྐོར་འདིའི་གདོང་ཐུག་ཁྲོད་ཕ་ལི་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོའི་མི་ཆིག་ཁྲི་དྲུག་སྟོང་ཉིས་བརྒྱ་ལས་བརྒལ་བ་རྐྱེན་ལམ་དུ་ཤོར་ཡོད། ཀ་ཧྲ་ས་ཁུལ་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་14854ཟིན་པ་དང་། དེའི་ནང་བྱིས་པ་6150དང་བུད་མེད་4000ལྷག་ཙམ་ལས་བརྒལ་བ་ཚུད་ཡོད། རྨས་སྐྱོན་ཕོག་པའི་མི་སྣ་36000ལས་བརྒལ་ཡོད་པ་དང་། དེའི་ནང་བརྒྱ་ཆ་75ཡན་ནི་བྱིས་པ་དང་བུད་མེད་ཡིན་པ་རེད། ཅོར་ཏན་ཆུ་བོའི་ནུབ་ངོགས་ཀྱི་མི་225རྐྱེན་ལམ་དུ་ཤོར་ཡོད།