ཧ་ཝ་ནའི་དབུ་ཚོགས་ཀྱི་འཐུས་མིས་ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་ལག་རྩལ་མཉམ་ལས་ལ་སྐུལ་འདེད་བཏང་བར་ཚད་མཐོའི་གདེང་འཇོག་གནང་བ།
དུས་ཡུན་ཉིན་གཉིས་རིང་གི་རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི་དབུ་ཚོགས་དེ་ཚེས་16ཉིན་ཁུ་པའི་རྒྱལ་ས་ཧ་ཝ་ནར་གྲོལ་བ་རེད། དབུ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་མིག་སྔའི་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་སྟེ་ཚན་རིག་དང་ལག་རྩལ། གསར་གཏོད་བཅས་ཀྱི་ནུས་པ་ཞེས་པ་དེ་རེད། རྒྱལ་ཁབ་མང་པོའི་ཚོགས་ཞུགས་འཐུས་མིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་དང་རང་སྟོབས་རང་སྤེལ་ཤུགས་སྣོན་རྒྱག་པ་དང་། དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་ལག་རྩལ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཡར་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་ཡོང་བ་བྱེད་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པའི་ངོས་འཛིན་བྱས་ཡོད།
ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་གནང་སྐབས། དེང་སྐབས་ཀྱི་འཛམ་གླིང་ལ་ཉམས་ཉེན་མང་པོ་འཕྲད་ཡོད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་ལ་རྡབ་གསིག་ཆེན་པོ་ཕོག་ཡོད། རྒྱལ་ཁབ་77གྱི་ཚོགས་པ་དང་ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་ཐོག་རྒྱལ་ཁབ་མང་ཆེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད་པས་མཐུན་སྒྲིལ་དང་འཕེལ་རྒྱས་ཀྱི་དབང་ཆ་བརྩོན་ལེན་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། ཁོང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་དོན་སྙིང་དང་རིན་ཐང་གལ་ཆེན་ལྡན་ཡོད། ཁོང་ཡངས་རང་བཞིན་གྱི་གྲོས་འགོ་དེ་དྲང་གཞག་གཞུང་དྲང་གི་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འཛུགས་པའི་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཡོད་ཅེས་བསྟན་འདུག
སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཁྲོད། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཁོ་མོ་ལོའི་ཙུང་ཐུང་ཨ་སུའུ་མ་ཉིས་གཏམ་བཤད་སྤེལ་ནས་གྲངས་གཞིའི་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གསུངས་པ་དང་འབྲེལ་ཀྲུང་གོས་གྲངས་གཞི་ཅན་གྱི་ཐོན་ལས་འཕེལ་རྒྱས་དང་རྒྱལ་སྤྱིའི་གྲངས་གཞིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བརྟེན་ནས་དོ་སྙོམས་དང་ཁོང་ཡངས་ཀྱི་གོ་ལ་ཧྲིལ་པོའི་གྲངས་གཞིའི་དཔལ་འབྱོར་གྱི་རྣམ་པ་ཞིག་གཏོད་པར་སྐུལ་འདེད་བཏང་བར་བསྔགས་བརྗོད་ཀྱང་གནང་བ་རེད།
ཅི་པོའུ་ཐིའི་ཙུང་ལི་ཁ་སྨི་ལེས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ལམ་སྲོལ་དང་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་ཐོན་སྐྱེད་དང་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་དང་། གང་དེ་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཚམས་པས་ཅི་པོའུ་ཐིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་ཐུབ་རེ་བྱེད་བཞིན་ཡོད་ཅེས་གསུངས་འདུག
ཀྲུང་གོར་འཚམས་འདྲི་གནང་མཇུག་འགྲིལ་མ་ཐག་པའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་ཡིས་ཀྲུང་གོའི་ཚན་རྩལ་ཡར་ཐོན་དེ་སྤྱི་ཚོགས་དང་དཔལ་འབྱོར་འཚོ་བའི་ཁྱབ་ཁོངས་ཁག་ཏུ་མངོན་པ་དང་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཀྲུང་གོས་ཏོག་གསར་རིམས་ནད་ཐོན་རིང་ཝེ་ནེ་ཙུའེ་ལར་རིམས་འགོག་སྨན་ཁབ་དང་སྨན་རྫས་ཀྱི་རོགས་རམ་བྱས་པ་དང་། ཝེ་ནེ་ཙུའེ་ལའི་རིམས་ནད་འགོག་བཅོས་བྱ་གཞག་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོས་ཚན་རྩལ་ཁྱབ་ཁོངས་སུ་མུ་མཐུད་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཕྲོད་བསྟེན་དང་ཞིང་ལས། གློག་འཕྲིན་སོགས་ཁྱབ་ཁོངས་ནང་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བ་བྱ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།
ནི་ཁ་ར་ཀའི་ཙུང་ཐུང་ཨོའར་ཐེ་ཅ་ཡིས་གསུང་བཤད་གནང་སྐབས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཞན་དག་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོས་ཨ་ཤེ་ཡ་དང་ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་མི་དམངས་ལ་རོགས་རམ་བྱེད་སྐབས་ཟུར་སྣོན་ཆ་རྐྱེན་མི་འདོན་པ་དང་། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཡར་ཐོན་དང་མི་དམངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་གྱི་ཡོད་ཅེས་བསྟན་པ་རེད།
ཁུ་པའི་ཕྱི་འབྲེལ་པུའི་ཕྱོགས་མང་ལས་དོན་དང་རྒྱལ་སྤྱིའི་བཅའ་ཁྲིམས་སིའི་སི་ཀྲང་པེ་ཉི་ཐེ་སིས་དབུ་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས། ཀྲུང་གོའི་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་སོགས་གྲོས་འགོ་རབ་དང་རིམ་པས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་འཇོག་པར་ཡོངས་ཁྱབ་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ་ཀྲུང་གོར་དངོས་ཤུགས་ཆེན་པོ་ལྡན་པ་མ་ཟད། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་ཅེས་གསུངས་པ་རེད།
ད་ཐེངས་ཀྱི་དབུ་ཚོགས་དེ“རྒྱལ་ཁབ་77གྱི་ཚོགས་པ་དང་ཀྲུང་གོ”ཡི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁུ་པས་གཉེར་བ་ཞིག་རེད། རྒྱལ་ཁབ་31གི་གཙོ་བདག་དང་ཡང་ན་སྲིད་གཞུང་གི་འགོ་གཙོ་དང་། རྒྱལ་སྤྱི་དང་ས་ཁོངས་རྩ་འཛུགས་ཀྱི་འགན་འཁུར་བ་མང་པོ། དེ་བཞིན་རྒྱལ་ཁབ་116གི་རིམ་པ་མཐོ་བའི་འཐུས་མི་ཚོགས་པ་བཅས་ད་ཐེངས་ཀྱི་དབུ་ཚོགས་ནང་ཞུགས་ཡོད་པ་རེད། དབུ་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཧ་ཝ་ནའི་བསྒྲགས་གཏམ》ནང་། འབྲེལ་ཡོད་ཕྱོགས་ཁག་གིས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྨང་གཞིའི་ཐོག གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས་མངོན་འགྱུར་ཡོང་བ་བྱ་རྒྱུར་གཞོལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན་འདུག
རྒྱལ་ཁབ་77གྱི་ཚོགས་པ་ནི་1964ལོར་བཙུགས་པ་དང་། དེ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལས་གྲུབ་པའི་སྲིད་གཞུང་བར་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་དེ་རེད། རྩ་འཛུགས་དེའི་དྲང་བདེན་གྱི་འདོད་ཚུལ་དང་ལུགས་མཐུན་གྱི་བླང་བྱར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དུས་རབས་20པའི་ལོ་རབས་90པ་ནས་བཟུང་། ཀྲུང་གོ་དང་རྒྱལ་ཁབ་77གྱི་ཚོགས་པའི་འབྲེལ་བ་དེ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་ཆེ་ཙམ་བྱུང་ནས“རྒྱལ་ཁབ་77གྱི་ཚོགས་པ་དང་ཀྲུང་གོའི”ལམ་སྲོལ་དེ་བརྒྱུད་མཐུན་སྦྱོར་དང་མཉམ་ལས་བྱས་ཡོད།