ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡུག་རེན་གྱི་ཉམས་ཉེན་གྱིས་ཡོ་རོབ་ཀྱི་དཔལ་འབྱོར་མུ་མཐུད་ཉམས་དམས་སུ་བཏང་བ།

2023-09-18 15:29:00     责编:桑吉卓玛

དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》ཐོག་ཉེ་ཆར་གནས་ཚུལ་སྤེལ་བའི་ནང་། ན་ནིང་ཡུག་རེན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་ནས་བཟུང་ཨུ་རུ་སུར་ཡོ་རོབ་ཁེ་ལས་ཆེ་གྲས་ཀྱི་ལས་སྒོར་ཉུང་མཐར་ཡང་ཡོ་རོབ་སྒོར་མོ་དུང་ཕྱུར་1000ཡི་ཐད་ཀའི་གྱོང་གུན་ཕོག་ཡོད། དེ་དང་ཆབས་ཅིག་ཨ་རིས་རྒྱུན་ཆད་མེད་པར་དེའི་ཁྲོད་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་ཁེ་ཕན་འབོར་ཆེན་རག་ཐབས་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

ཡོ་རོབ་ཀྱི་ཤེས་ལྡན་མི་སྣས་ཡོ་རོབ་ཀྱིས་ཨ་རིའི་རྗེས་སུ་འབྲངས་ནས་ཨུ་རུ་སུར་བཀག་སྡོམ་ཐེངས་མང་བྱས་པ་དང་། རང་ངོས་ཀྱི་དཔལ་འབྱོར་ལ་རྒྱུན་མཐུད་ངང་ཉམས་དམས་སུ་ཕྱིན་པ། ནུས་རྒྱུའི་རིན་གོང་ཆེས་ཆེར་འཕར་བ། དངུལ་ལོར་འགྲེམས་ཐལ་ཤོར་བ།
ཁེ་ལས་ལ་གྱོང་གུན་ཆེན་པོ་ཕོག་པ། དམངས་ཚོགས་ཀྱི་དངོས་ཡོད་གླ་ཕོགས་ཉུང་དུ་ཕྱིན་པ། དམངས་འཚོའི་གནོན་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་བཅས་ཀྱི་ངོས་འཛིན་བྱས་ཡོད།

ཉིན་ཤས་གོང་ཡོ་རོབ་མནའ་འབྲེལ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཐོག་མའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་བརྒྱད་པར་ཡོ་རོབ་སྒོར་མོའི་ཁུལ་གྱི་བཟའ་བཅའ་དང་ཐ་མག ཆང་རག་གི་རིན་གོང་དུས་མཚུངས་ལས་9.8%འཕར་བ་དང་། ནུས་རྒྱུ་མིན་པའི་རིགས་ཀྱི་བཟོ་ལས་ཐོན་རྫས་ཀྱི་རིན་གོང་4.8%འཕར་བ། ཞབས་ཞུའི་རིན་གོང་5.5%་བཅས་འཕར་ཡོད། ཟླ་དེར་ནུས་རྒྱུ་དང་། བཟའ་བཅའ།ཐ ་མག་དང་ཆང་རག་བཅས་ཀྱི་རིན་གོང་ཕུད་ལྟེ་བའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་5.3%ཟིན་ཡོད་པ་རེད། གསར་དུ་ཁྱབ་བསྒྲགས་བྱས་པའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་གཞི་གྲངས་དེ་ཁྲོམ་རའི་སྔོན་དཔག་ལས་མཐོ་བ་ཡོད་པས་ཕྱོགས་ཁག་གིས་དངུལ་ལོར་འགྲེམས་ཐལ་ཤོར་བར་སེམས་ཁྲལ་བྱེད་ཚད་ཆེ་རུ་ཕྱིན་པ་དང་དམངས་ཚོགས་ཀྱིས་ཟོག་གོང་འཕར་བའི་དཀའ་སྡུག་ཚད་མེད་མྱངས་ཡོད་པ་རེད།

ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་གྲོ་སོགས་མ་བཅོས་རྒྱུ་ཆའི་རིན་གོང་འཕར་བ་དང་ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་མཐོ་རུ་ཕྱིན་པ་སོགས་ཀྱི་ཤུགས་རྐྱེན་ཕོག་ནས་མེན་པའོ་བག་ལེབ་ཐོན་སྐྱེད་ཀྱི་མ་གནས་ཆེ་རུ་ཕྱིན་པ་དང་བག་ལེབ་ཚོང་ཁང་མང་པོ་ཞིག་མ་རྩ་རྡིབ་ཡོད། ཧང་ག་རིའི་མེན་པའོ་བག་ལེབ་ཚོང་ཁང་ཞིག་གི་ཚོང་བདག་ཝོ་དབྱི་ཏའོ·གཡོད་སེ་ཧྥུའུ་ཡིས་ཚོང་ཁང་ནང་གི་མེན་པའོ་བག་ལེབ་ཐོན་རྫས་རིགས་ཀྱི་མ་གནས་གཏོང་སྒོ་དེ་ལོ་3གྱི་གོང་དང་བསྡུར་ན་ཧ་ལམ་ལྡབ་གཅིག་འཕར་ནས་འཛད་སྤྱོད་བྱེད་མཁན་ཉུང་དུ་ཕྱིན་པ་དང་མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་ཀྱང་ཆུང་དུ་ཕྱིན་ཡོད་ཅེས་བཤད་པ་རེད། དབྱི་ཐ་ལིར་ཐུག་པའི་རིན་གོང་དེ་ལོ་གོང་མ་ལས་17%ཙམ་འཕར་ཡོད། འཇར་མན་དུ་འོ་སྤྲིའི་རིན་གོང་ལོ་གཅིག་གི་གོང་ལས་40%ཙམ་འཕར་བ་དང་ཞོག་ཁོག་གི་རིན་གོང་14%འཕར་ཡོད།

ཡོ་རོབ་ཀྱི་དམངས་ཚོགས་མི་ཉུང་བ་ཞིག་གིས་འདི་ལོ་ཚུན་གྱི་དངོས་ཡོད་གླ་ཕོགས་ཧ་ལམ་འཕར་མེད་པ་དང་འཚོ་བའི་མ་གནས་ཇེ་མཐོར་ཕྱིན་ཡོད་ཅེས་འཁང་ར་བྱེད་ཀྱི་ཡོད། ཡོ་རོབ་ཀྱི་དམངས་ཚོགས་མི་ཉུང་བ་ཞིག་གི་འཚོ་བ་དཀའ་སྡུག་གི་གནས་སུ་གྱར་སྐབས། ཨ་རིའི་འབྲུ་རིགས་ཚོང་པ་ཆེ་གྲས་ཀྱིས་ཁེ་བཟང་ཆེན་པོ་རག་ཐབས་བྱས་ཡོད། ཨ་རིའི་པང་ཅི་ཀུང་སིར་ཆ་བཞག་ན། ཡུག་རེན་གྱི་ཉམས་ཉེན་ཁྱོན་ཡོངས་ནས་ཚབས་ཆེ་རུ་ཕྱིན་རྗེས། 2022ལོའི་ལོ་ཧྲིལ་པོར་ཀུང་སི་དེའི་ཁེ་སྤོགས་སྔོན་དཔག་ལས་མ་མཐར་ཡང་21%འཕར་ནས་ལོ་ཧྲིལ་པོའི་ཡོང་འབབ་ཨ་སྒོར་དུང་ཕྱུར་672ཟིན་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། པང་ཅི་ཡི་མ་རྐང་གི་རིན་གོང་ཁྱོན་ཡོངས་ནས་15%ཙམ་འཕར་ཡོད་པ་རེད།

ཨ་རིས་ས་བབ་ཀྱི་ཆབ་སྲིད་ཀྱི་འཁྲུག་རྩོད་དང་སྲུང་སྐྱོང་རིང་ལུགས་ཀྱི་བྱ་ཐབས་འདོན་པ་སོགས་ཀྱི་རྒྱབ་ལྗོངས་འོག་ཡོ་རོབ་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཞན་དུ་ཕྱིན་པ་དང་བཟོ་ལས་ཐོན་རྫས་ཕྱིར་གཏོང་ལའང་ཤུགས་རྐྱེན་ཐེབས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའི་སྙན་ཞུ་ལས་མངོན་པར། ནུས་རྒྱུའི་རིན་གོང་མཐོ་བ་དེས་རླངས་འཁོར་བཟོ་སྐྲུན་ལས་རིགས་ཚུད་པའི་ཡོ་རོབ་ཀྱི་ནུས་རྒྱུ་ཟད་གྲོན་ཆེ་བའི་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆུང་དུ་ཕྱིན་ནས་ཁྲོམ་རའི་ཐོབ་སྐལ་མེད་པར་གྱུར་ཡོད་པ་རེད། དངུལ་རྩའི་དབྱེ་ཞིབ་ཀུང་སི་པིའོ་ཕུའུ་ཡིས་གོ་ལ་ཧྲིལ་པོར་ཟླ་9ཚེས་1ཉིན་ཁྱབ་བསྒྲགས་བྱས་པའི་ཉོ་སྒྲུབ་ཁེ་གཉེར་སྟོན་གྲངས་ལ་བལྟས་ན། ཡོ་རོབ་སྒོར་མོའི་ཁུལ་གྱི་ཟླ་8པའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཁེ་གཉེར་སྟོན་གྲངས་ནི་43.5ཡིན་པ་དེ་དེའི་གོང་གི་སྔོན་དཔག་ལས་དམའ་བ་ཡོད།

ཨ་རིས《དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་ཉུང་དུ་བཏང་བའི་ཁྲིམས་གཞི་》བཏོན་པ་དང་། གསབ་དངུལ་མཐོན་པོ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གློག་སྒུལ་རླངས་འཁོར་དང་ལྗང་མདོག་ལག་རྩལ་གཞན་དག་ཨ་རི་རང་ས་ནས་ཐོན་སྐྱེད་དང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ཡོད། པེར་ཀྲེམ་གྱི་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཡོ་རོབ་མནའ་འབྲེལ་ལས་དོན་གྱི་འགན་ཁུར་བ་ཨའོ་ལི་ཝུའེར·གཡོད་ལི་སི་ཡིས“ཁ་གསབ་དེ་དག་ནི་སྲུང་སྐྱོང་རིང་ལུགས་ཡིན་པས་ཨ་རི་བས་ང་ཚོའི་རྒྱབ་ནས་བྱ་སྤྱོད་ངན་པ་སྤེལ་ཡོད། བྱས་ཙང་ང་ཚོས་ཁོ་པ་ཚོར་ཧང་སངས་གི་འདུག”ཅེས་བཤད་པ་རེད། ཡུག་རེན་གྱི་ཉམས་ཉེན་རྒྱུན་མཐུད་ངང་ཐོན་ནས་ཡོ་རོབ་ཀྱིས་གཏན་འཁེལ་བྱས་པའི་ནུས་རྒྱུ་བརྗེ་སྒྱུར་གྱི་འཆར་གཞི་དཀྲུག་པས། ཡོ་རོབ་ཀྱིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཚབ་བྱེད་དངོས་པོ་མི་འཚོལ་ཀ་མེད་བྱུང་ཡོད། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོས་རྡོ་སོལ་གློག་བསྐྱར་དུ་འདོན་པ་དང་།ཉིང་རྡུལ་གྱི་ནུས་པ་གནས་སྐབས་རིང་ནར་འགྱངས་བྱེད་པ། རང་བྱུང་སོལ་རླངས་གསོག་འཇོག་བྱེད་ཚད་མང་དུ་གཏོང་བ་སོགས་འཕྲལ་སྒྲུབ་བྱ་ཐབས་གལ་ཆེན་དུ་གྱུར་ཡོད། ཉེ་ཆར།དབྱིན་ཇིའི《གཟའ་ཉི་མའི་ཐའེ་ཝུའུ་ཧྲིའི་ཚགས་པར》ཐོག་འཇར་མན་གྱི་བསྐྱར་དུ་ཁ་འབྱེད་པའི་རྡོ་སོལ་གློག་ཁང་གི་གནས་ཚུལ་སྤེལ་སྐབས། རྡོ་སོལ་སླར་ཡང་བེད་སྤྱོད་བྱས་པ་དེ་མི་རྣམས་སེམས་སྡུག་དགོས་པའི་དུས་སྐབས་ཤིག་ཡིན་པ་དང་ཡུག་རེན་ཉམས་ཉེན་གྱིས་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་ཡོད་ཅེས་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཡུག་རེན་གྱི་ཉམས་ཉེན་གྱིས་ཡོ་རོབ་ཀྱི་དཔལ་འབྱོར་མུ་མཐུད་ཉམས་དམས་སུ་བཏང་བ།

དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》ཐོག་ཉེ་ཆར་གནས་ཚུལ་སྤེལ་བའི་ནང་། ན་ནིང་ཡུག་རེན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་ནས་བཟུང་ཨུ་རུ་སུར་ཡོ་རོབ་ཁེ་ལས་ཆེ་གྲས་ཀྱི་ལས་སྒོར་ཉུང་མཐར་ཡང་ཡོ་རོབ་སྒོར་མོ་དུང་ཕྱུར་1000ཡི་ཐད་ཀའི་གྱོང་གུན་ཕོག་ཡོད།