པའེ་ཏེང་གིས་ཨ་ཤེ་ཡར་འཚམས་འདྲི་བྱེད་རིང་། ཚོགས་པ་ཆུང་ཆུང་སྒྲིག་པའི་དམིགས་ཡུལ་ལམ་ལྷོངས་ཡོང་མི་སྲིད།
སྤྱི་ཚེས་11ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཨ་ཤེ་ཡར་འཚམས་འདྲི་བྱེད་མཇུག་འགྲིལ་ཞིང་། ད་ཐེངས་འཚམས་འདྲི་བྱེད་རིང་། པའེ་ཏེང་རྒྱ་གར་གྱི་རྡི་ལི་གསར་པར་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་པ་དང་། ཝེ་ཐེ་ནམ་དུ་འཚམས་འདྲི་བྱས་པ་མ་ཟད་ཨ་རི་དང་ཝེ་ཐེ་ནམ་བར་གྱི་འབྲེལ་བར་རིམ་སྤོར་བྱས་ཡོད།
ཨ་རིའི་སྨྱན་སྦྱོར་ཀྱིས། པའེ་ཏེང་གིས་ད་ཐེངས་ཨ་ཤེ་ཡར་བསྐྱོད་པའི་མངོན་མེད་ཀྱི་ཆ་འཕྲིན་ཞིག་ནི་འབྲེལ་ཡོད་རྒྱལ་ཁབ་སྔར་བས་བསླུ་བྲིད་བྱས་ནས་ཀྲུང་གོར་ཁ་གཏད་བཅག་སྟེ་ཨ་རིའི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་པ་རེད། དབྱེ་ཞིབ་མི་སྣས། ཨ་རིས་ཚོགས་པ་ཆུང་ཆུང་ཟམ་མི་ཆད་པར་སྒྲིག་ནས། དཔུང་ཁག་གི་འགྲན་རྒོལ་ལ་སྐུལ་སློང་བྱས་ཚེ་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་ཕན་ཐོགས་མེད་པ་དང་། ཕྱོགས་གཞན་ཞིག་ནས། ཨ་ཤེ་ཡའི་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ཡོངས་ཁྱབ་ཏུ་ལག་ལེན་བསྟར་ནས་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་དང་རྒྱལ་ཁབ་མཐའ་དག་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པས། ཨ་རིའི་བསམ་འདོད་ལྟར་དམིགས་ཡུལ་འདི་ལམ་ལྷོངས་ཡོང་མི་སྲིད་ཅེས་བསྟན་ཡོད།
རྒྱ་གར་འབོམ་འབེལ་གྱི་ལྟ་ཞིབ་པའི་ཞིབ་འཇུག་ཐེབས་རྩ་ཚོགས་པའི་དེ་སྔའི་ཀྲུའུ་ཞི་སུའུ་ཏིང་ཏེ་ལ·ཁུར་ཁ་ཉིས། རྒྱ་གར་གྱིས་འཛམ་གླིང་ཐོག་གི་རྒྱལ་ཁབ་ཡོད་ཚད་དང་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེའི་ནང་ཀྲུང་གོ་ཚུད་ཡོད་ལ་ཨ་རི་ཡང་ཚུད་ཡོད། འོན་ཀྱང་ངེས་པར་དུ་དཔལ་འབྱོར་མཉམ་ལས་དང་དམག་དོན་མཉམ་ལས་དབྱེ་འབྱེད་བྱེད་དགོས་པ་ལས། རྒྱ་གར་དང་ཨ་རིའི་བར་གྱི་དཔལ་འབྱོར་མཉམ་ལས་ནི་དགོས་ངེས་ཡིན་པ་དང་། འོན་ཀྱང་རྒྱ་གར་དང་ཨ་རི་རྒྱལ་ཁབ་གཉིས་བར་རྣམ་པ་གང་རུང་སྤྱད་དེ་ཀྲུང་གོར་བཀག་འགོག་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པས་དམག་དོན་མནའ་འབྲེལ་ལམ་ཡང་ན་དམག་དོན་འབྲེལ་གཏུག་བྱེད་པ་དེ་ནི་འབྲས་མེད་ཀྱི་ལས་ཀ་ཞིག་རེད། རྒྱ་གར་གྱིས་ཚོགས་པའི་ཆབ་སྲིད་ནང་ཞུགས་རྒྱུ་བཀག་འགོག་བྱེད་དགོས་ཞེས་གསུངས་པ་རེད།
ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ་གྱི་དྲ་ཚིགས་ཐོག་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་སྤྱི་འདོམས་པ་ཀེ་ཨོར་ཅི་ཡེ་ཝ་ཡི་སྐད་ཆ་ལུང་དུ་དྲངས་ནས། ཨ་རིས་སྣེ་འཁྲིད་ཅིང་། རྒྱ་གར་དང་དབུས་ཤར་ས་ཁུལ་དང་དེ་བཞིན་ཡོ་རོབ་རྒྱལ་ཁབ་དང་སྦྲེལ་བའི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་དཔལ་འབྱོར་བར་ཁྱམས་ལ་ཕ་རོལ་ཕྱིར་འབུད་ཀྱི་རང་བཞིན་ལྡན་མི་རུང་བར་འཛམ་གླིང་དཔལ་འབྱོར་གཞི་གཅིག་ཅན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་བརྗོད་ཡོད་པ་རེད།
ད་ཐེངས་དབུ་ཚོགས་ཀྱི་བསྒྲགས་གཏམ་ལ་བལྟས་ན། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་ཐོག་ས་མཚམས་ཆབ་སྲིད་གྲོས་རིམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་དམིགས་ཡུལ་དེ་ལམ་ལྷོངས་བྱུང་མེད་པ་རེད། བསྒྲགས་གཏམ་ནང་རྒྱལ་ཁབ་ཉི་ཤུ་ཚོགས་པ་ནི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གླེང་སྟེགས་གཙོ་བོ་ཞིག་ཡིན་པ་ལས་ས་མཚམས་ཆབ་སྲིད་གནད་དོན་ཐག་གཅོད་བྱེད་པའི་སྟེགས་བུ་ཞིག་མིན་ཞེས་ནན་བཤད་བྱས་ཡོད། ཐེངས་རྗེས་མའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས། ང་ཚོས་ས་མཚམས་ཆབ་སྲིད་གནད་དོན་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་བསྡུར་གྲོས་རིམ་ལ་བཙན་ཁྲིད་བྱེད་དུ་འཇུག་མི་རུང་། ང་ཚོས་ཁ་ཕྲལ་ལ་དགའ་པོ་བྱེད་ཀྱི་མེད། ང་ཚོར་ཞི་བདེ་དང་མཉམ་ལས་དགོས་པ་ལས་གདོང་ཐུག་མི་དགོས་ཞེས་འབོད་སྐུལ་བྱས་པ་རེད།
ཝེ་ཐེ་ནམ་དུ་འཚམས་འདྲི་བྱེད་རིང་། པའེ་ཏེང་གིས་ཝེ་ཐེ་ནམ་གྱི་འགོ་ཁྲིད་པ་དང་མཐོ་རིམ་དཔོན་རིགས་མང་པོ་དང་ཐུག་འཕྲད་བྱས་པ་དང་། ཨ་རི་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་མ་འཇོག་གསར་གཏོད་དབུ་ཚོགས་སོགས་ལ་ཞུགས་ཡོད།
ཨ་རི་དང་ཝེ་ཐེ་ནམ་གྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་གློག་འདྲེན་ཕྱེད་གཟུགས་མཁོ་སྤྲོད་འབྲེལ་ཐག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་མོས་མཐུན་བྱས་པ་རེད།
དབྱེ་ཞིབ་མི་སྣས། ཨ་རི་དང་ཝེ་ཐེ་ནམ་བར་གྱི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཀྱི་མཉམ་ལས་དེ་དགོས་ངེས་ཡིན་མོད། འོན་ཀྱང་པའེ་ཏེང་གིས་འཚམས་འདྲི་བྱེད་རིང་། ཀྲུང་གོ་ཡང་ཡང་གླེང་བ་དེའི་ཐོག་ནས་ཀྲུང་གོར་ཕྱོགས་པའི་བསམ་འདུན་ངན་པ་ཧ་ཅང་གསལ་པོ་ཡོད་ཅེས་བཤད་པ་རེད། རྒྱུ་རྐྱེན་སྣ་ཚོགས་ལ་དབྱེ་ཞིབ་དང་ཕྱོགས་བསྡུས་བྱས་ན། ཨ་རིས་ཝེ་ཐེ་ནམ་འཐབ་ཇུས་ཀྱི་འཁོར་ལམ་ནང་བཅུག་ནས་ཀྲུང་གོར་གནོན་ཤུགས་སྤྲད་དེ་བཀག་འགོག་བྱ་རྩིས་ཡོད་མོད། འོན་ཀྱང་དེའི་ལྐོག་གཡོ་མངོན་འགྱུར་ཡོང་མི་སྲིད། རྒྱུ་མཚན་ནི་ཝེ་ཐེ་ནམ་གྱིས་རང་བཙན་རང་བདག་དང་། ཞི་བདེ་མཛའ་མཐུན། མཉམ་ལས་འཕེལ་རྒྱས་བཅས་ཀྱི་ཕྱི་འབྲེལ་ལམ་ཕྱོགས་ལག་ལེན་བསྟར་བཞིན་པ་དང་། རང་འགུལ་དང་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞུགས་པ་དང་། རྒྱལ་ཁབ་ཆེན་པོའི་དོ་མཉམ་གྱི་ཐབས་ཇུས་ལག་ལེན་བསྟར་བཞིན་པ། འཛམ་གླིང་རྒྱལ་ཁབ་ཁག་གི་རོགས་ཟླ་དང་གྲོགས་པོ་བྱེད་འདོད་ཡོད་པ་མ་ཟད། ཝེ་ཐེ་ནམ་གྱི་དམག་འཁྲུག་གི་སྨུག་རྡུལ་ད་དུང་ཡལ་མེད་པ་མ་ཟད། སྐབས་དེ་དུས་ཨ་རིས་སྤྱོད་པའི་ཕྱོགས་བསྡུས་འབར་མདེལ་གྱིས་ད་ཆའི་བར་ཝེ་ཐེ་ནམ་གྱི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྔར་བཞིན་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་པ་རེད།
ཨ་རིས་མཛའ་བརྩེའི་ལག་ཟུང་བརྐྱངས་པ་དེར་ཝེ་ཐེ་ནམ་གྱིས་ཐུགས་རྗེ་ཆེ་ཞེས་ཤོད་པ་དང་དུས་མཚུངས་སུ་དོགས་ཟོན་ཡང་བྱེད་བཞིན་པ་མངོན་ཡོད། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་གིས་པའེ་ཏེང་དང་གྲོས་མོལ་བྱེད་སྐབས། ཝེ་ཐེ་ནམ་གྱིས་ཨ་རིར་འཛིན་པའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་ནི། སྔར་སོང་མཚམས་འཇོག་དང་། མི་མཐུན་པའི་ཆ་སེལ་བ། ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་འཇོག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་འབྲེལ་ཕན་ཚུན་བརྩི་འཇོག་བྱེད་པའི་ཆབ་སྲིད་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་ནི་ཝེ་ཐེ་ནམ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད་ཅེས་བསྟན་འདུག
ཧིན་རྡུ་ཉི་ཞི་ཡའི་རིག་མཛོད་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ལྷོ་རྒྱ་མཚོའི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པན་པང་·སུར་ཡུའེ་ནུའོ་ཡིས། འཇམ་འཐབ་མཇུག་འགྲིལ་རྗེས། ཝེ་ཐེ་ནམ་གྱིས་ཕྱོགས་ཡོངས་དང་མཐའ་མང་ཅན་གྱི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་ནས། རྒྱལ་ཁབ་རྐྱང་པ་གང་ཞིག་ལའང་བརྟེན་ཐལ་མི་ཤོར་བའི་འབད་བརྩོན་བྱེད་ཀྱི་ཡོད། ཝེ་ཐེ་ནམ་གྱིས་འུ་ཐུག་ངང་ཕྱོགས་ཁག་བདམས་མི་དགོས་པ་དང་། རང་བཙན་ལ་གནོད་འཚེ་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།