ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མོ་རོ་ཁོའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་མི་གྲངས་2901བར་འཕར་བ།

2023-09-13 16:38:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མོ་རོ་ཁོའི་ནང་སྲིད་པུས་ཚེས་12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་འདིར་ཚེས་8ཉིན་གྱི་དགོང་མོ་ཐོན་པའི་ས་ཡོམ་དྲག་པོའི་ཁྲོད་ཁྱོན་མི་2901རྐྱེན་ལམ་དུ་ཤོར་བ་དང་མི་5530ལ་རྨས་སྐྱོན་ཕོག་ནས། གནོད་འཚེ་ཕོག་ཁུལ་དུ་ཡོམ་ལྷག་ཡང་ཡང་བརྒྱབ་ཡོད་ཅེས་བསྟན་འདུག ས་ཡོམ་བརྒྱབ་རྗེས། ཀྲུང་གོས་མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གིས་འཕྲལ་དུ་ས་གནས་དེ་གའི་སྨན་ཁང་ལ་དངོས་ཟོག་རོགས་སྐྱོར་བྱས་པ་མ་ཟད། སྐྱོབ་བཅོས་ནང་ཧུར་ཐག་ཞུགས་ཡོད།

མིག་སྔར་མོ་རོ་ཁོའི་དམག་ཕྱོགས་ཀྱིས་རོགས་སྐྱོབ་ཚོགས་པའི་སྟོབས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། གནོད་འཚེ་ཚབས་ཆེན་ཕོག་པའི་མཱ་ལ་ཁེ་ཧྲིའི་ལྷོ་ཕྱོགས་ཀྱི་ཐག་རིང་རི་གྲོང་དུ། དམག་ཕྱོགས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཐུང་ཆུ་དང་། བཟའ་བཅའ། གུར་སོགས་དངོས་ཟོག་མཁོ་འདོན་བྱས་པ་དང་། ཛ་དྲག་ངང་ཐང་འཐབ་སྨན་ཁང་བཙུགས་པ་རེད། ས་ཁུལ་ཁག་གཅིག་ཏུ། འགྲོ་ལམ་ཞིག་རོའི་འོག་ཏུ་ཚུད་པ་དང་རླངས་འཁོར་ཆེ་གྲས་དང་སྒྲིག་ཆས་ནང་འདྲེན་བྱེད་དཀའ་བར་བརྟེན། ས་གནས་དེ་གའི་སྲིད་གཞུང་གིས་མཁའ་ཐོག་ནས་འཕེན་པའི་བྱ་ཐབས་ཐོག་ནས་གནོད་འཚེ་ཕོག་མཁན་ལ་རོགས་སྐྱོབ་དངོས་ཟོག་སྐྱེལ་དགོས་ཀྱི་ཡོད་པ་རེད། མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཨ་ཅ་ཏིར་ཡན་ལག་རུ་ཁག་གི་རུ་དཔོན་ཀྲང་ཧྥེ་ཀུང་གིས་ཚེས་12ཉིན་གསར་འགོད་པར། ས་ཡོམ་བརྒྱབ་རྗེས་འཕྲལ་དུ་བཅའ་སྡོད་བྱེད་མཁན་སྨན་ཁང་ལ་རྨས་མ་སྐྱོབ་བཅོས་ནང་ཞུགས་རྒྱུའི་རེ་བ་བཏོན་པ་མ་ཟད། སྨན་ཁང་ཕྱོགས་ཀྱི་དགོས་མཁོར་གཞིགས་ནས་གློག་རྡུལ་ཁྲག་གནོན་ཡོ་བྱད་སོགས་དགོས་མཁོ་ཆེ་བའི་སྨན་བཅོས་དངོས་རྫས་ཞལ་འདེབས་བརྒྱབ་ཡོད་ཅེས་བཤད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་སྤེལ་བའི་སྙན་ཞུ་རགས་ཙམ་ལས་མངོན་པར། ས་ཡོམ་གྱི་གནོད་འཚེ་ཕོག་པའི་བྱིས་པ་ཆིག་འབུམ་ཙམ་ཟིན་པ་དང་། ཁོང་ཚོས་མོ་རོ་ཁོའི་དབང་འཛིན་ལས་ཁུངས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་གཞན་དག་དང་མཐུན་སྦྱོར་དམ་ཟབ་བྱས་ནས། གནོད་འཚེའི་ཤུགས་རྐྱེན་ཕོག་པའི་བྱིས་པ་དང་ཁྱིམ་ཚང་ལ་མི་ཆོས་རིང་ལུགས་ཀྱི་ཞབས་ཞུ་དང་དངོས་ཟོག་གི་རོགས་སྐྱོར་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཚེས་12ཉིན། རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཨ་སྒོར་དུང་ཕྱུར་1གྲབས་གསོག་བྱས་ནས་མོ་རོ་ཁོའི་ཡོམ་འགོག་གེགས་སེལ་ཐད་ཛ་དྲག་གི་རོགས་སྐྱོར་བྱ་རྒྱུའི་རེ་འབོད་བྱས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

མོ་རོ་ཁོའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་མི་གྲངས་2901བར་འཕར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མོ་རོ་ཁོའི་ནང་སྲིད་པུས་ཚེས་12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་འདིར་ཚེས་8ཉིན་གྱི་དགོང་མོ་ཐོན་པའི་ས་ཡོམ་དྲག་པོའི་ཁྲོད་ཁྱོན་མི་2901རྐྱེན་ལམ་དུ་ཤོར་བ་དང་མི་