ཨ་ཟེར་བྷེ་ཇན་གྱི་གསོ་རིག་རིགས་གཅིག་མཁས་ཅན་གྱིས་ཏོག་གསར་གློ་ཚད་ཀྱི་ཀྲུང་གོའི་རིམས་འགོག་སྨན་ཁབ་ལ་བདེ་འཇགས་དང་ནུས་པ་ལྡན་པའི་བསྔགས་བརྗོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏི་པི་ལི་སི་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། བྷ་ཁུ་ནས་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་ཨ་ཟེར་བྷེ་ཇན་གྱི་གསོ་རིག་རིགས་གཅིག་མཁས་ཅན་གྱིས་ཨ་ཟེར་བྷེ་ཇན་རྒྱལ་ནང་དུ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་ཀྱི་ཀྲུང་གོའི་རིམས་འགོག་སྨན་ཁབ་ལ་བདེ་འཇགས་ལྡན་པ་མ་ཟད། ད་དུང་མི་འཕྲོད་པ་གང་ཡང་བྱུང་མེད་ཅེས་བརྗོད།
ཉིན་ཤས་གོང་བྷ་ཁུའི་གསོ་རིག་བདེ་ཐང་ལྟེ་གནས་ཀྱི་ཀྲུའུ་རེན་ཧ་སང་ནུའོ་ཕུའུ་ཡིས་སྨྱན་སྦྱོར་ལ། ཨ་ཟེར་བྷེ་ཇན་དུ་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ནས་གཟའ་འཁོར་བཞི་སོང་བའི་ནང་ལྟེ་གནས་དེ་ཚུད་པའི་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣར་རིམས་འགོག་སྨན་ཁབ་བརྒྱབ་ཡོད།
མིག་སྔར་ཁོང་ཚོའི་ཁྲོད་མི་འཕྲོད་པའི་སྣང་ཚུལ་ཚབས་ཆེན་ཐོན་པའི་སྙན་ཞུ་འབྱོར་མེད་པ་དང་སྨན་དོན་མི་སྣ་ཁག་གཅིག་ལ་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་འགོ་ཚུགས་ཡོད་ཅེས་བརྗོད།
ཧ་སང་ནུའོ་ཕུའུ་ཡིས།“རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བའི་ཐབས་ལམ་གཙོ་བོ་ཞིག་རེད། ང་ཚོར་སྤྱི་ཚོགས་ལས་རིགས་ཁག་ནས་རིམས་འགོག་སྨན་ཁབ་དེ་རྒྱག་རྒྱུའི་རེ་ཞུ་འབྱོར་བྱུང་། ཉུང་མཐར་ཡང་ཨ་ཟེར་བྷེ་ཇན་དུ་བཅའ་སྡོད་གཞུང་ཚབ་ཁང་23དང་རྒྱལ་སྤྱིའི་རྩ་འཛུགས་14ཡི་མི་སྣས་ང་ཚོའི་ལྟེ་གནས་སུ་རིམས་འགོག་སྨན་ཁབ་བརྒྱབ་ཡོད”ཅེས་བརྗོད་པ་རེད།
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།