ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས། ཨ་རིར་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་གང་བྱུང་དུ་དམའ་འབེབས་དང་སྐྱོན་འཛུགས་པའི་ཐོབ་ཐང་ཅི་ལ་ཡོད་དམ་ཞེས་བརྗོད་པ།

2020-10-17 10:13:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཀྲུང་གོའི་སྲིད་གཞུང་གིས“རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་བཏང་བར”སྐྱོན་བཙུགས་པ་མ་ཟད་ཀྲུང་གོའི་ཆོས་ལུགས་རང་དབང་སྐོར་གླེང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཚེས་15ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས། ཨ་རི་རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་གི་གནས་ཚུལ་བྱས་ཉེས་མངོན་གསལ་དོད་པོ་ཡིན་པས། རྒྱལ་ཁབ་གཞན་ལ་གང་བྱུང་དུ་དམའ་འབེབས་དང་སྐྱོན་འཛུགས་པའི་ཐོབ་ཐང་ཅི་ལ་ཡོད་དམ་ཞེས་བརྗོད།

ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག ཀྲུང་གོའི་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དང་སྐུལ་སྤེལ་གཏོང་བར་ཚད་མཐོའི་མཐོང་ཆེན་དང་། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར། ཀྲུང་གོའི་སྤྱི་དམངས་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཁེ་དབང་དང་རང་དབང་ཁག་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་བརྗོད།

ཁོང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་71སོང་བ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་གསུམ་པའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱེད་རིང་། རྒྱལ་ཁབ་120ལྷག་ཙམ་གྱིས་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཀྱང་བྱས་པ་རེད། ཉིན་ཤས་གོང་། ཀྲུང་གོ་ཐེངས་ལྔ་པར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་བདེ་བླག་ངང་བདམས་ཐོན་བྱུང་བ་རེད། ཧ་ཧྥོ་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་གི་ཨ་ཧྲེ་དམངས་གཙོ་བཅོས་སྐྱོང་དང་གསར་གཏོད་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་སྙན་ཞུ་ལས་མངོན་པར་གཞིགས་ན། ཀྲུང་གོའི་མང་ཚོགས་ཀྲུང་གོ་སྲིད་གཞུང་ལ་བློ་ཡིད་ཚིམ་ཚད་93%ལས་བརྒལ་ཡོད་ཅེས་བརྗོད།

ཀྲའོ་ལི་ཅན་གྱིས“ཨ་རིར་བལྟས་ན། རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་གི་གནས་ཚུལ་ལ་བྱས་ཉེས་མངོན་གསལ་དོད་པོ་རེད”ཅེས་བཤད་པ་དང་། ཨ་རིའི་རིགས་རྒྱུད་ལ་མཐོང་ཆུང་དང་། དྲག་ཤུགས་ཁྲིམས་བསྟར། བཙོན་མར་མནར་གཅོད་གཏོང་བ་བཅས་ཀྱི་གཏམ་ངན་རྫོགས་རྒྱུ་མེད་པ་དང་། མེ་མདའ་དྲག་ཤུགས་ཀྱིས་བྱས་ཉེས་བསགས་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་དེ། ལོ་རེར་ཆ་སྙོམས་སུ་མི་ཁྲི་ལྷག་རྐྱེན་ལམ་དུ་ཤོར་ཡོད། ཨ་རི་2018ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དང་། 《བྱིས་པའི་ཁེ་དབང་སྤྱི་ཆིངས》དང་། 《བུད་མེད་ལ་དམིགས་པའི་རྣམ་པ་གང་རུང་གི་མཐོང་ཆུང་མེད་པར་བཟོ་བའི་སྤྱི་ཆིངས》སོགས་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་གལ་ཆེན་ལ་ད་བར་ཆོག་མཆན་སྤྲད་མེད། ཨ་རིའི་རྒྱལ་ནང་གི་མི་རིགས་ཉུང་ཤས་ཀྱི་ཆོས་ལུགས་གནས་ཚུལ་ནི་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་རེད། དམངས་འདོད་བརྟག་དཔྱད་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཨ་རིའི་མུའུ་སི་ལིན་75%ཡིས་ཨ་རིའི་སྤྱི་ཚོགས་ཀྱིས་མུའུ་སི་ལིན་ལ་མཐོང་ཆུང་ཚབས་ཆེན་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་རྒྱལ་ཡོངས་ཀྱི་དབྱི་སི་ལན་ཆོས་ཁང་གི་གྲངས་འབོར་དེ་ཀྲུང་གོའི་ཤིན་ཅང་སྟེ་རང་སྐྱོང་ལྗོངས་གཅིག་གི་བཅུ་ཆ་གཅིག་ཀྱང་ཟིན་མེད། “ཨ་རིར་རྒྱལ་ཁབ་གཞན་པར་གང་བྱུང་དུ་དམའ་འབེབས་དང་སྐྱོན་འཛུགས་པའི་ཐོབ་ཐང་ཅི་ལ་ཡོད་དམ”ཞེས་བརྗོད།

ཁོང་གིས། ཕེང་ཕེ་ཨའོ་ཡིས་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་དང་རང་ཉིད་གཅིག་པུའི་ཆབ་སྲིད་སྒེར་ཕན་གྱི་ཆེད་དུ་ཀྲུང་གོར་དམའ་འབེབས་དང་ནག་བཟོ་ཡང་ཡང་བྱས་པ་དང་། ཐ་ན་ལོག་ཆོས“ཆོས་འཁོར་སྒོམ་སྒྲུབ”ལ་རྒྱབ་སྐྱོར་བྱས་ཡོད། ཕེང་ཕེ་ཨའོ་ཡིས་མ་མཐའི་དོན་དངོས་ལ་བརྩི་འཇོག་བྱེད་དགོས་ཤིང་། ཀྲུང་གོ་དང་འབྲེལ་བ་ཡོད་པའི་རྫུན་གཏམ་སྣ་ཚོགས་བཟོ་མཚམས་འཇོག་དགོས། དེ་ལྟར་མ་བྱེད་ན་རང་ཉིད་ཀྱི་མཚན་སྙན་དང་དེ་བཞིན་ཨ་རིའི་རྒྱལ་ཁབ་ཀྱི་གཟུགས་བརྙན་དང་ཁེ་ཕན་ལ་སྔར་བས་གནོད་འཚེ་བཟོ་སྲིད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས། ཨ་རིར་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་གང་བྱུང་དུ་དམའ་འབེབས་དང་སྐྱོན་འཛུགས་པའི་ཐོབ་ཐང་ཅི་ལ་ཡོད་དམ་ཞེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཀྲུང་གོའི་སྲིད་གཞུང་གིས“རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་བཏང་བར”སྐྱོན་བཙུགས་པ་མ་ཟད་ཀྲུང་གོའི་ཆོས་ལུགས་རང་དབང་སྐོར་གླེང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཚེས་15ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས།