ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པར་གདེང་འཇོག་གནང་བ་མ་ཟད་རྒྱབ་སྐྱོར་ཞུས་པ།

2020-02-13 17:10:00     责编:sangjzm

ཉེ་དུས། རྒྱལ་ཁབ་ཁག་ཅིག་གི་སྲིད་ཕྱོགས་མི་སྣ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ཅིག་གི་འགན་འཁུར་བས་བྱ་ཐབས་སྣ་མང་ཐོག་ནས་ཀྲུང་གོས་རིམས་ནད་འགོག་རྒོལ་བྱས་པའི་ཐད་འཚམས་འདྲི་དང་རྒྱབ་སྐྱོར་ཞུས་ཡོད།

རྒྱ་གར་གྱི་ཙུང་ལི་མོ་ཏིས། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ཁ་ལ་གཏད་གཅོག་རྒྱུར་བཟུང་བའི་ནུས་ལྡན་བྱ་ཐབས་ལ་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་དང་། ཀྲུང་གོས་རིམས་ནད་འགོག་རྒོལ་བྱ་རྒྱུར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱ་འདོད་ཡོད་ཅེས་གསུངས་ཡོད།

དབྱིན་ཇིའི་དབུ་ཞུགས་བློན་ཆེན་ཡུའེ་ཧན་ཤུན་གྱིས། དབྱིན་ཇིའི་ཕྱོགས་ཀྱིས་ཀྲུང་གོའི་སྲིད་གཞུང་གི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་རྒྱུ་མ་ཟད་མུ་མཐུད་རོགས་སྐྱོར་བྱ་འདོད་ཡོད་ཅེས་གསུངས་ཡོད།

ཕུ་ཐེའུ་ཀལ་གྱི་ཙུང་ཐུང་དེ་སོ་སས། ཀྲུང་གོའི་ཕྱོགས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་དང་། ཀྲུང་གོས་གང་མགྱོགས་རིམས་ནད་ལ་ཁ་གཏད་གཅོག་པའི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཀེ་རི་སིའི་ཙུང་ཐུང་ཕ་ཧྥུ་ལོ་ཕུ་ལོ་སིས། ཀྲུང་གོའི་མི་དམངས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་། ཀྲུང་གོས་བཟུང་བའི་ནུས་ལྡན་བྱ་ཐབས་དང་འབད་བརྩོན་གྱིས་རིམས་ནད་མུ་མཐུད་འགོས་ཁྱབ་འགྲོ་རྒྱུ་གཏན་འགོག་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད།

ཐུར་ཁེའི་ཕུང་ཐུང་ཨེར་ཏོ་ཨན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྟོབས་ལྡན་དབུ་ཁྲིད་འོག ཀྲུང་གོས་རིམས་ནད་གཏན་འགོག་དང་རྩ་མེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།

ཨེར་ཅི་རི་ཡའི་ཙུང་ཐུང་ཐེ་པོན་གྱིས། ཀྲུང་གོའི་སྲིད་གཞུང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འགན་སྲུང་བྱ་རྒྱུའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་ཡོད།

ཨི་ཙི་ཨོ་པི་ཡའི་ཙུང་ཐུང་འོ་ཁེས། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་གནང་བའི་དོ་ནན་པའི་དམ་བཅའ་དང་ཚད་བརྒལ་འབད་བརྩོན་ལ་བསྔགས་བརྗོད་ཞུ་རྒྱུ་མ་ཟད་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཨེར་ལན་གྱི་ཙུང་ལི་ཝ་ལ་དེ་ཁས། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བཟུང་བའི་བྱ་སྤྱོད་ལ་བསྔགས་བརྗོད་ཞུ་རྒྱུ་མ་ཟད་རྒྱབ་སྐྱོར་ཞུ་རྒྱུ་དང་། ཨེར་ལན་ཕྱོགས་ཀྱིས་ཀྲུང་གོར་དགོས་ངེས་ཀྱི་རོགས་སྐྱོར་དང་རོགས་རམ་གང་ཐུབ་བྱ་འདོད་ཡོད་ཅེས་གསུངས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སིས། ཀྲུང་གོས་མི་རྣམས་ཧང་སངས་དགོས་པའི་འབད་བརྩོན་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བཟུང་བའི་བྱ་ཐབས་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་དང་། རྒྱལ་ཁབ་གཞན་གྱིས་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་ཐོག་ནས་ལག་གདང་སྦྲེལ་ཏེ་རིམས་ནད་ལ་ཁ་གཏད་གཅོག་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

སྐབས་བདུན་ཅུ་དོན་བཞི་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་པན་ཏིས། ཀྲུང་གོའི་མི་དམངས་ཀྱི་ཆོད་སེམས་དང་སྙིང་རུས་ནི་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྟོབས་ལྡན་དབུ་ཁྲིད་འོག་ཀྲུང་གོས་རིམས་ནད་དེ་ལས་མགྱོགས་མྱུར་རྣམ་པར་རྒྱལ་ཐུབ་པའི་ཡོད་ཅེས་གསུངས་ཡོད།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཐན་དེ་སའེ་ཡིས། ཀྲུང་གོས་ནད་དུག་གི་འབྱུང་ཁུངས་ཚོད་འཛིན་གང་ཐུབ་དང་། རིམས་ནད་འགོས་ཁྱབ་འགྲོ་རྒྱུར་བཀག་འགོག་ནན་པོ་བྱས་ནས་འཛམ་གླིང་ས་ཁུལ་གཞན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྩ་ཆེ་བའི་དུས་ཚོད་བརྩོན་ལེན་ཐུབ་ཡོད། གལ་ཏེ་ཀྲུང་གོའི་འབད་བརྩོན་དེ་དག་མེད་ན་གོ་ལར་ཏོག་གསར་རིམས་ནད་འགོས་ཚད་དེ་ཡིས་ཚད་མི་སྲིད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་བླ་ན་མེད་པའི་འབད་བརྩོན་བྱས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། རིགས་གཅིག་མཁས་པའི་ཚོ་ཆུང་ཀྲུང་གོའི་རིགས་གཅིག་མཁས་པ་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་རྒྱག་པར་མངག་རྒྱུ་ཡིན་ཞེས་གསུངས་ཡོད།

ལྷོ་ཨ་ཧྥེ་རི་ཁའི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་དང་པོ་མ་ཕའེ་ལ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རིམས་ནད་མདུན་དུ་ཁྱད་དུ་འཕགས་པའི་སྣེ་ཁྲིད་ནུས་པ་མངོན་པར་བྱས་ཡོད། དེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཐུབ། ལྷོ་ཨ་ཧྥེ་རི་ཁའི་གུང་ཁྲན་ཏང་གིས་ཀྲུང་གོར་ཡིད་སྨོན་བྱེད་ཀྱི་ཡོད་ལ། ང་ཚོའི་སེམས་པ་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད་ཅེས་གསུངས་ཡོད།

ཅི་པུ་ཐེའི་ཡར་རྒྱས་བརྩོན་ལེན་མི་དམངས་མཉམ་འབྲེལ་གྱི་སྤྱི་ཁྱབ་ཧྲུའུ་ཅི་དབྱི་ལི་ཡ་སེས། ཀྲུང་གོའི་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་ནུས་ལྡན་བྱ་ཐབས་བཟུང་ཏེ་རིམས་ནད་རྒྱལ་ཁབ་གཞན་དུ་འགོས་ཁྱབ་འགྲོ་རྒྱུ་གཏན་འགོག་བྱས་ཡོད་ལ། འཛམ་གླིང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་འགོག་རྒོལ་ཐད་བསྒྲུབས་པའི་ལས་དོན་ལ་འཛམ་གླིང་རྒྱལ་ཁབ་ཀུན་གྱིས་བསྔགས་བརྗོད་ཐོབ་སྲིད་ཅེས་གསུངས་ཡོད་པ་རེད།

ཨེ་ཅིབ་ཀྱི་གསར་འགོད་པའི་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་དམིགས་བསལ་འཐུས་མི་ས་ལ་མུས། ཀྲུང་གོས་རིམས་ནད་འདིར་ཁ་གཏད་བཅག་པ་བརྒྱུད་འཛམ་གླིང་ལ་རང་ཉིད་ཀྱི་རྒྱལ་ཁབ་ཆེན་པོའི་གནས་བབ་ར་སྤྲོད་བྱས་ཡོད། དེ་ནི་རང་ཉིད་ཀྱི་མི་དམངས་ལ་འགན་ཁུར་བ་ཞིག་དང་འཛམ་གླིང་ཡོངས་ལ་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་རེད་ཅེས་བསྟན་ཡོད།

གཞན་ཡང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེ་ཐུ་ལེ་ག་དང་པུ་རུ་ནེའི་རྒྱལ་པོ་ཧ་སང་ནེར། ཁན་ཉི་ཡའི་ཙུང་ཐུང་ཁན་ཡ་ཐ། ཙམ་པི་ཡའི་ཙུང་ཐུང་ལུན་གུ ཨུ་ཁ་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི། མོ་ཏོ་ཝེའི་ཙུང་ཐུང་ཏོ་ཏུང་། འཁྱག་གླིང་གི་ཙུང་ལི་ཡ་གེ་པུ་སི་ཏོ་ཏིར། རོ་མ་ཉི་ཡའི་ཙུང་ཐུང་ཡུའེ་ཧན་ཉི་སི། མི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནུ་ཨེ་ལོ། ས་མོ་ཡ་རྒྱལ་ཁབ་ཀྱི་གཙོ་བདག་ཐུ་དབྱི་མ་ལའེ་ཨ་ལི་ཧྥ་ནོ། མ་ལིའི་ཙུང་ལི་ཞི་སའེ། ཧྥི་ཅིའི་ཙུང་ལི་པའེ་ཉི་མ་ལ་མ། ག་ལིན་ན་ཏའི་ཙུང་ལི་མི་ཆེར། ཁོང་ཀོ་ཅིན་དང་། ཅི་པུ་ཐེ། ཨན་ཀོ་ར། ནོ་ཝེ་སོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་འགོ་འཛིན། རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་སྒྲིག་འཛུགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་གོང་འཕེལ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་སྒྲིག་འཛུགས་ཀྱི་འགན་འཁུར་བས་ཀྱང་རྒྱབ་སྐྱོར་བྱ་རྒྱུའི་རྣམ་པ་བསྟན་པ་དང་ཐུགས་གསོའི་འཚམས་འདྲི་ཞུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པར་གདེང་འཇོག་གནང་བ་མ་ཟད་རྒྱབ་སྐྱོར་ཞུས་པ།

ཉེ་དུས། རྒྱལ་ཁབ་ཁག་ཅིག་གི་སྲིད་ཕྱོགས་མི་སྣ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ཅིག་གི་འགན་འཁུར་བས་བྱ་ཐབས་སྣ་མང་ཐོག་ནས་ཀྲུང་གོས་རིམས་ནད་འགོག་རྒོལ་བྱས་པའི་ཐད་འཚམས་འདྲི་དང་རྒྱབ་སྐྱོར་ཞུས་ཡོད།