ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལྗར་པན་གྱི་གྲུ་གཟིངས་ཐོག་མི་135ལ་ཏོག་གསར་གློ་ཚད་ཕོག་པ།

2020-02-13 15:08:00     责编:娜科

 

 

   ལྗར་པན་ངལ་རྩོལ་པུའུ་ནས་ཟླ་2ཚེས་10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཧེང་པིན་གྲུ་ཁར་མཚོ་ཐོག་ལོགས་བཀར་བཞག་ནས་ལྟ་ཞིབ་ཉིན་14བྱེད་བཞིན་པའི་ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་བོ་ཆེ་དེའི་ཐོག་སླར་ཡང་མི་65ལ་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱས་ཡོད། མི་3700ལྷག་ཙམ་ཡོད་པའི་གྲུ་བོ་ཆེ་དེའི་ཐོག་གི་མི་135ཙམ་ལ་ཏོག་གསར་གློ་ཚད་ཕོག་ཡོད་པ་གཏན་འཁེལ་བྱས་ཡོད་པ་རེད།

 

ལྗར་པན་གྱི་གྲུ་གཟིངས་ཐོག་ཏོག་གསར་གློ་ཚད་ཕོག་པའི་ནད་པ་135ལ་འཕར་བ།

    ཤེས་རྟོགས་བྱུང་བར་གཞིགས་ན། ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་གཟིངས་དེའི་ཐོག་རྒྱལ་ཁབ་དང་ས་ཁུལ་56གི་འགྲུལ་པ་དང་གྲུ་པ་ཁྱོན་མི་3700ལྷག་ཙམ་ཡོད།ནད་གཞི་ཕོག་པ་གཏན་འཁེལ་ཟིན་པའི་ནད་པ་གཅིག་རྗེས་གཉིས་མཐུད་ངང་ཐོ་ཁེའོ་དང་། ཧྲེན་ནའེ་ཁྲོན། ཆན་ཡེ་སོགས་ས་ཆའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་བསྟུན་མིག་སྔར་གྲུ་གཟིངས་ཐོག་ད་དུང་འགྲུལ་པ་3600མ་ཟིན་ཙམ་ལྷག་ཡོད།

 

 

    གྲུ་གཟིངས་ཐོག་བསྡད་པའི་མི་3600ལ་ཉེ་བ་དེ་དག་རང་རང་གི་གྲུ་ཁང་ནང་ལོགས་བཀར་སྡོད་པ་ལས་མི་གཞན་དང་འགྲོ་འོང་བྱེད་མི་ཆོག་པས། ཁོ་ཚོའི་སེམས་ཁྲལ་ཇེ་ཆེར་འགྲོ་བཞིན་ཡོད།

 

ད་བར་གྲུ་གཟིངས་ཐོག་གི་མི་ཆ་ཚང་ལ་བརྟག་དཔྱད་ད་དུང་བྱེད་ཐུབ་མེད།

    གྲུ་གཟིངས་ཐོག་གི་མི་དང་མཚོ་འགྲམ་གྱི་མང་ཚོགས་ཚང་མས་རེ་བ་བཏོན་པར་ལྟར་ན། གྲུ་གཟིངས་ཐོག་གི་མི་ཆ་ཚང་ལ་ནད་དུག་བརྟག་དཔྱད་བྱེད་དགོས།

   ལྗར་པན་སྲིད་གཞུང་གི་དྲུང་ཆེ་ཅན་དབྱི་ཝུའེ་ཡིས་ཟླ་2ཚེས་10ཉིན་གསར་འགོད་པའི་ཚོགས་འདུའི་ཐོག་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་གསལ་འདེབས་ཞུས་ཡོད་པ་སྟེ། ཁོང་གིས། མང་ཚོགས་ཀྱིས་དོན་དེར་སེམས་ཁྲལ་བྱས་པར་བསམ་ཤེས་ཐུབ་མོད། འོན་ཀྱང་གྲུ་གཟིངས་ཐོག་གི་མི་ཆ་ཚང་ལ་ནད་དུག་བརྟག་དཔྱད་བྱེད་པའི་ཆ་རྐྱེན་ད་དུང་འདང་གི་མེད་ཅེས་བཤད་ཡོད་པ་རེད། ངལ་རྩོལ་པུའུ་ཡི་འགོ་འཛིན་ཅ་ཐེང་ཧྲེང་ཤིན་གྱིས། སྲིད་གཞུང་གིས་མིག་སྔར་གྲུ་གཟིངས་ཐོག་གི་མི་ཆ་ཚང་ལ་ནད་དུག་བརྟག་དཔྱད་བྱ་རྒྱུར་གྲོས་བསྡུར་བྱེད་བཞིན་ཡོད་མོད། འོན་ཀྱང་སེམས་ནང་བསམ་པ་དོན་ཐོག་ཏུ་འཁྱོལ་ཐུབ་མིན་མིག་སྔར་ད་དུང་ཁ་ཚོན་གཅོད་མི་ཐུབ་ཅེས་བཤད་ཡོད་པ་རེད།

 

ཟླ་བ་2པའི་ཚེས་9་ཉིན་ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་བོ་ཆེའི་ཐོག་ལུས་པའི་འགྲུལ་པ།

 

    འགོས་ནད་མཆེད་རྒྱ་ཆེ་རུ་མི་འགྲོ་བའི་ཕྱིར། ངལ་རྩོལ་པུའུ་ཡིས་ནད་རྟགས་ཐོན་མེད་པའི་འགྲུལ་པ་དང་གྲུ་པ་ཚོ་གྲུ་གཟིངས་ཐོག་མུ་མཐུད་ཉིན་14སྡོད་རྒྱུའི་རེ་བ་བཏོན་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། གྲུ་གཟིངས་ཐོག་སྨན་རྫས་མི་འདང་བའི་གནས་ཚུལ་ཐོན་ཡོད། འོན་ཀྱང་གྲུ་གཟིངས་ཀྱི་རླུང་འཕྲིན་ནང་ནས་སྨན་རྫས་ཁག་600གྲུ་ཐོག་ཏུ་དབོར་རྒྱུ་ཡིན་པ་དང་། སྨན་རྫས་མཁོ་བའི་འགྲུལ་པས་མིང་དང་ཁང་པའི་ཨང་གྲངས་ཐོ་འགོད་བྱས་ཚེ། ལས་དོན་མི་སྣས་གོ་རིམ་བཞིན་སྨན་རྫས་གཤམ་སྤྲོད་བྱ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་ཡོད།

 

དེའི་གོང་ཀྲུང་གོའི་ཤང་ཀང་གི་འགྲུལ་པ་ཞིག་གྲུ་གཟིངས་དེར་སྡོད་མྱོང་བ་དང་། འགྲུལ་པ་དེར་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱས་ཡོད།

   ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་གཟིངས་ཆེ་མོ་དེ་ཟླ་1ཚེས་20ཉིན་ཧེང་པིན་གྲུ་ཁ་ནས་ཐོན་པ་དང་། ཟླ་1ཚེས་25ཉིན་ཀྲུང་གོའི་ཤང་ཀང་དུ་སླེབས་པ་དང་། དེ་རྗེས་སྔ་ཕྱིར་ཝེ་ཐེ་ནམ་སོགས་ས་ཆར་ཕྱིན་པ་རེད།

    ལྗར་པན་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དེའི་གོང་ལོ་80ལ་སླེབས་པའི་ཀྲུང་གོའི་ཤང་ཀང་གི་འགྲུལ་པ་ཞིག་ཧེང་པིན་ནས་གྲུ་གཟིངས་ལ་བསྡད་དེ་ཤང་ཀང་དུ་འབྱོར་རྗེས་གྲུ་གཟིངས་ནས་བབས་པ་རེད། འགྲུལ་པ་དེ་གྲུ་ནས་བབས་རྗེས་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པ་གཏན་འཁེལ་བྱས་ཡོད།

 

ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་བོ་ཆེ་ལྗར་པན་ཧེང་པིན་དུ་འབྱོར་བ།

 

    ཟླ་2ཚེས་3ཉིན་ནས་བཟུང་། གྲུ་གཟིངས་དེའི་ཐོག་གི་འགྲུལ་པ་ཁག་གཅིག་ལ་ཚ་བ་རྒྱས་པའི་ནད་རྟགས་ཐོན་ཡོད།ལྗར་པན་སྲིད་གཞུང་གིས་དེ་རྗེས་གྲུ་གཟིངས་དེར་ནད་ཡམས་བརྟག་དཔྱད་ནན་པོ་བྱས་པ་རེད།

    འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤེལ་བའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་གསར་ཤོས་ལས་མངོན་པར། ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་གཟིངས་ཆེ་མོར་ཟླ་2ཚེས་19ཉིན་ནད་ཡམས་ཞིབ་བཤེར་བྱེད་མཚམས་འཇོག་རྒྱུ་ཡིན་མོད། འོན་ཀྱང་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་དང་འབྲེལ་བ་དམ་ཟབ་བྱས་མྱོང་བའི་མིར་མུ་མཐུད་ལོགས་བཀར་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད།

 

ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་གཟིངས་ཆེ་མོའི་སྦྱིན་བདག་ཀུང་སིས་འགྲུལ་པར་གྲོན་དངུལ་ཕྱིར་སློག་བྱ་རྒྱུ་ཡིན་པ།  

    ཟླ་2ཚེས་9ཉིན། ཕ་ལམ་ཀོང་ཇོ་རྟགས་ཅན་གྲུ་བོ་ཆེའི་སྦྱིན་བདག་ཀུང་སིས་ཏོག་གསར་གློ་ཚད་འགོས་བའི་དོན་རྐྱེན་བྱུང་བའི་དབང་གིས་འགྲུལ་པའི་གྲོན་དངུལ་ཆ་ཚང་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། གྲོན་དངུལ་ཕྱིར་སློག་བྱེད་པའི་ནང་གྲུའི་གདལ་གླ་དང་། གྲུར་མ་བསྡད་གོང་དང་བསྡད་རྗེས་བཏང་བའི་གནམ་གྲུའི་གདལ་གླ། མེ་འཁོར་གྱི་གདལ་གླ། མགྲོན་ཁང་གི་ཁང་གླ་སོགས་ཚུད་ཡོད་པ་རེད། 

 

 

ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ།ཚེ་དགའ།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ལྗར་པན་གྱི་གྲུ་གཟིངས་ཐོག་མི་135ལ་ཏོག་གསར་གློ་ཚད་ཕོག་པ།

ལྗར་པན་ངལ་རྩོལ་པུའུ་ནས་ཟླ་2ཚེས་10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཧེང་པིན་གྲུ་ཁར་མཚོ་ཐོག་ལོགས་བཀར་བཞག་ནས་ལྟ་ཞིབ་ཉིན་14བྱེད་བཞིན་པའི་ཕ་ལམ་ཀོང་ཇོ་རྟགས་ཅན་གྱི་གྲུ་