ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཁམ་ཕུ་ཁྲེའི་ལས་རིགས་ཁག་གིས་ཧུང་སེན་གྱིས་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་གཞོམ་ཞིག་མེད་པའི་མཛའ་གྲོགས་མངོན་ཡོད་པའི་ངོས་འཛིན་བྱས།

2020-02-07 17:27:00     责编:sangjzm

སྤྱི་ཚེས་༥ཉིན། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་ཀྲུང་གོར་འཚམས་འདྲིར་ཕེབས་ནས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཁམ་ཕུ་ཁྲེའི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མངོན་པར་མཛད་ཡོད། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཁམ་ཕུ་ཁྲེའི་རྒྱལ་ནང་དུ་ཀྲུང་གོར་འཚམས་འདྲི་གནང་བར་ལན་ཆ་བཟང་པོ་བྱུང་ཞིང་། ཁམ་ཕུ་ཁྲེ་སྲིད་གཞུང་གི་མགྲིན་ཚབ་པ་དང་། སློབ་གསོའི་ལས་རིགས་ཀྱི་མི་སྣ། སྨྱན་སྦྱོར། དེ་བཞིན་མང་ཚོགས་བཅས་ཀྱིས། ད་ཐེངས་ཀྱི་འཚམས་འདྲི་ལས་ཁམ་ཕུ་ཁྲེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་མཚོན་ཡོད། ཁམ་ཕུ་ཁྲེའི་མི་དམངས་དང་ཀྲུང་གོ་མི་དམངས་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ནས་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་པ་མཚོན་ཡོད་ཅེས་བསྟན་ཡོད།

ཁམ་ཕུ་ཁྲེའི་སྲིད་གཞུང་གི་མགྲིན་ཚབ་པ་ཕ་ཤིས་ཕན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ད་ཐེངས་ཀྱི་དམིགས་བསལ་འཚམས་འདྲིའི་ཐོག་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་མཚོན་པ་དང་། རྒྱལ་ཁབ་གཉིས་པོས་བདེ་སྐྱིད་མཉམ་རོལ་དང་དཀའ་ངལ་མཉམ་ཁུར་བྱེད་ཀྱི་ཡོད། ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་པར་ཁམ་ཕུ་ཁྲེས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་ནས། ཀྲུང་གོའི་མི་དམངས་ཡོངས་ལ་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་མ་ཟད། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་ཡོད།

ཨེ་ཤ་ཡའི་མདུན་ལྗོངས་ཞིབ་འཇུག་ཁང་གི་འགོ་འཛིན་ཆང་ཝན་ན་ལི་ཡིས་གསར་འགོད་པར། རིམས་ནད་ཐོན་རྗེས། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཐེངས་མང་གསུངས་ཤིང་། ཁམ་ཕུ་ཁྲེས་ཀྲུང་གོ་ནས་ཁམ་ཕུ་ཁྲེའི་སྤྱི་དམངས་ཕྱིར་འཐེན་བྱེད་མི་སྲིད་པ་དང་། ཀྲུང་གོ་དང་ གནམ་གྲུའི་འགྲོ་འོང་བྱ་རྒྱུ་མཚམས་འཇོག་མི་སྲིད་པ། ཁམ་ཕུ་ཁྲེར་ཡོད་པའི་ཀྲུང་གོ་བར་འགོས་ནད་མི་ཕོག་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ད་ཐེངས་ཀྱི་འཚམས་འདྲི་དེས་ཁམ་ཀྲུང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཀྱི་ནང་དོན་ཟབ་མོ་སྔར་བས་གསལ་བཤད་བྱས་ཡོད། དེ་དང་ཆབས་ཅིག་ད་ཐེངས་ཀྱི་འཚམས་འདྲི་གནང་བ་བརྒྱུད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སེམས་རྣལ་དུ་ཕབ་པ་དང་། སྙིང་སྟོབས་ཆེར་སྐྱེད་ཐོག་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་དགོས་ཞེས་ཤོད་ཆེད་རེད་ཅེས་གསུངས་ཡོད།

༼ཀའོ་མན་སྐབས་དོན་ཚགས་པར་༽དང་། ༼ཁམ་ཧྭ་ཉིན་རེའི་ཚགས་པར་༽ ༼ཁམ་ཕུ་ཁྲེའི་འོད་སྣང་ཚགས་པར་༽ ༼ཁམ་ཀྲུང་སྐབས་དོན་ཚགས་པར་༽ གསར་འགྱུར་གསར་ཤོས་ཞེས་པའི་དྲ་ཚིགས་སོགས་སྨྱན་སྦྱོར་གྱིས་དབུ་བཞུགས་བློན་ཆེན་ཧུང་སེན་ཀྲུང་གོར་འཚམས་འདྲིར་ཕེབས་པར་བསྔགས་བརྗོད་བྱས་པ་དང་། ཁམ་ཀྲུང་གི་མཛའ་གྲོགས་དེ་ཁམ་ཕུ་ཁྲེའི་སྨྱན་སྦྱོར་གྱི་གླེང་མང་བའི་ཚིག་ཏུ་གྱུར་ཡོད།

༼ཀའོ་མེན་སྐབས་དོན་ཚགས་པར་༽ཐོག་གནས་ཚུལ་སྤེལ་ནས། དབུ་བཞུགས་བློན་ཆེན་ཧུང་སེན་ནི་རིམས་ནད་ཐོན་རྗེས་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་པོ་དེ་ཡིན་པ་དེའི་ཐོག་ནས། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཁམ་ཕུ་ཁྲེ་ཕྱོགས་ནས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པ་མཚོན་ཡོད་ལ། དཀའ་ངལ་གྱི་མདུན་དུ་ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་གྱི་གཞོམ་ཞིག་མེད་པའི་མཛའ་གྲོགས་ཀྱང་མངོན་ཡོད་ཅེས་བསྟན་ཡོད། གསར་འགྱུར་གསར་ཤོས་ཞེས་པའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་ནས། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ད་ཐེངས་འཚམས་འདྲི་གནང་བ་བརྒྱུད། ཁམ་ཕུ་ཁྲེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་སྤུན་ཟླའི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན་ཡོད། ༼ཁམ་ཧྭ་ཉིན་རེའི་ཚགས་པར་༽ཐོག་གནས་ཚུལ་སྤེལ་ནས། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་དམིགས་བསལ་དུས་སྐབས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པས། སྐྱིད་པོ་མཉམ་རོལ་དང་། དཀའ་ངལ་མཉམ་ཁུར་བྱེད་པ་གསལ་བཤད་གཏིང་ཟབ་གནང་ཡོད་ཅེས་བསྟན་ཡོད།

༼ཁམ་ཀྲུང་སྐབས་དོན་ཚགས་པར་༽གྱི་སྤྱི་ཁྱབ་སྤྱི་གཉེར་རོན་ཀྲི་ཆང་གིས་གསར་འགོད་པར། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཀྲུང་གོའི་གྲོགས་པོར་དཀའ་ངལ་འཕྲད་སྐབས། ཁམ་ཕུ་ཁྲེས་ཀྲུང་གོ་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་ཞེས་ཐེངས་མང་གསུངས་མྱོང་ཡོད། ཁྲམ་ཕུའུ་ཁྲེའི་མི་དམངས་ནི་ལ་རྒྱར་བརྩི་མཁན་ཞིག་ཡིན། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཀྲུང་གོར་འཚམས་འདྲི་གནང་བ་ལས་མངོན་པའི་བརྩེ་བ་དྭངས་མ་དེ་ང་རང་རྒྱལ་ཁོངས་ཁམ་ཕུ་ཁྲེའི་ཀྲུང་གོ་བ་ཞིག་ཡིན་པའི་ངོས་ནས་མྱོང་ཚོར་ཧ་ཅང་ཟབ་མོ་བྱུང་ཞེས་གསུངས་ཡོད།

༼ཀྲུང་གོའི་མི་དམངས་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་པ་༽དེ་ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་དང་སྲིད་གཞུང་གིས་ཀྲུང་གོར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་ཐོག་ནས་མཚོན་པ་མ་ཟད། ཁམ་ཕུ་ཁྲེའི་མི་དམངས་ཀྱི་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ཁྲོད་མཚོན་ཡོད་པ་རེད།

ཁྲ་ཅའོ་མངའ་སྡེ་ནས་ཡིན་པའི་ལུའོ་ཏ་ཉི་ཡིས། ང་རང་ནས་ཁ་རས་༡༠༠ཉོས་ཡོད། དེ་དག་ཀྲུང་གོའི་སྨན་པ་ཚོར་སྤྲོད་རྩིས་ཡོད། ངས་སྒྲུབ་ཐུབ་པ་མང་པོ་མེད། འོན་ཀྱང་ངས་རང་ནུས་ཅི་ལྕོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། ཁོང་གི་བུ་ལ་དེ་སྔོན་ལྷན་སྐྱེས་སྙིང་ནད་ཕོག་པ་དང་ན་ནིང་ཀྲུང་ཁམ་གྱི་གཅེས་སེམས་བྱ་སྤྱོད་ཀྱི་རྣམ་གྲངས་རོགས་སྐྱོར་འོག་ཀྲུང་གོའི་སྨན་པའི་སྨན་བཅོས་དང་ལེན་བྱས་པས་དྲག་སྐྱེད་བྱུང་ཡོད། བཀའ་དྲིན་དེ་ལུའོ་ཏ་ཉི་ཡི་ནང་མི་ཚང་མས་ཐོག་མཐའ་བར་གསུམ་དུ་སྙིང་དབུས་སུ་བཅངས་ནས་ཡོད་པ་རེད།

ཞེ་མོ་ཉི་ལེ་ནི་༼ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་༽ཞེས་པའི་ཁམ་ཕུ་ཁྲེའི་ཡི་གེའི་དཔར་མར་སྒྱུར་མཁན་ཞིག་ཡིན་ལ། ཀྲུང་ཁམ་གཅེས་སེམས་བྱ་སྤྱོད་ཀྱི་རྣམ་གྲངས་ལས་ཁམ་ཕུ་ཁྲེ་ཕྱོགས་ཀྱི་འགན་འཁུར་བ་ཞིག་ཀྱང་རེད། ཁོང་གིས་གསར་འགོད་པར། ད་ཐེངས་རྣམ་གྲངས་ཀྱི་རོགས་སྐྱོར་དང་ལེན་བྱེད་མཁན་ཁམ་ཕུ་ཁྲེའི་ཁྱིམ་ཚང་༨༦གིས་ཁ་རས་༥༠༢༡ཉོས་ནས་ཀྲུང་གོར་བསྐྱལ་ཡོད། ཁོང་ཚོའི་དཔལ་འབྱོར་ཆ་རྐྱེན་དེ་ཙམ་ཡག་པོ་མེད་མོད། འོན་ཀྱང་ཚང་མས་ཀྲུང་གོ་དང་ལྷག་པར་དུ་ཀྲུང་གོའི་སྨན་པས་རིམས་ནད་ལ་འགོག་རྒོལ་བྱེད་པར་ནུས་ཤུགས་གང་ཡོད་འདོན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

ཁམ་ཕུ་ཁྲེར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཀྲུང་གོའི་ས་གནས་ཚོང་ཚོགས། ཀྲུང་གོའི་མ་འཇོག་ལས་ཁུངས་བཅས་ཀྱིས་ཀྱང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་ཞུས་ཡོད། ཁམ་ཕུ་ཁྲེའི་ཕྱིར་སྡོད་རང་མིའི་ལས་རིགས་ཀྱིས་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ལ་ཨ་སྒོར་གསུམ་འབུམ་དྲུག་ཁྲི་དང་མི་དམངས་ཤོག་སྒོར་དྲུག་ཁྲི་ལྷག་ཙམ་ཞལ་འདེབས་སུ་ཕུལ་ཡོད། ཀྲུང་གོ་ཁྲལ་འཇལ་མི་དགོས་པའི་ཐོན་རྫས་ཚོགས་པའི་ཁམ་ཕུ་ཁྲེ་ཚད་ཡོད་ཀུང་སིས་འཕྲལ་མར་སྨན་སྤྱོད་ཁ་རས་ཉིས་ཁྲི་ཉོས་ནས་ཝུའུ་ཧན་དུ་ཞལ་འདེབས་ཕུལ་ཡོད། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་ཕ་ནོམ་ཕེན་ལས་གཉེར་པུས་ཐོན་ཁུངས་སྣ་ཚོགས་བཀོད་གཏོང་བྱས་ནས། ས་གནས་དེ་གའི་ཁེ་ལས་ཀྱིས་ཞལ་འདེབས་བརྒྱབ་པའི་འགོག་སྲུང་གྱོན་ཆས་ཉིས་འབུམ་སོགས་སྨན་བཅོས་མཁོ་ཆས་ཝུའུ་ཧན་དུ་བསྐྱལ་ཡོད། ཁམ་ཧྭ་ལས་འཛིན་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྥེང་ཆའོ་ཧྲེང་གིས། ང་ཚོས་སྤུན་ཟླ་ཚོའི་ཚེ་སྲོག་དང་བདེ་ཐང་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་རྒྱལ་ཁབ་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་དང་ཀྲུང་གོ་རྒྱལ་ཁབ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཁམ་ཕུ་ཁྲེའི་ལས་རིགས་ཁག་གིས་ཧུང་སེན་གྱིས་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་གཞོམ་ཞིག་མེད་པའི་མཛའ་གྲོགས་མངོན་ཡོད་པའི་ངོས་འཛིན་བྱས།

སྤྱི་ཚེས་༥ཉིན། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་ཀྲུང་གོར་འཚམས་འདྲིར་ཕེབས་ནས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཁམ་ཕུ་ཁྲེའི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མངོན་པར་མཛད་ཡོད། དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཁམ་