ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་དང་རྒྱལ་སྤྱིའི་སྒྲིགའཛུགས་ཀྱི་འགན་འཁུར་བ་ཁག་ཅིག་གིས་ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དེས་འཛམ་གླིང་ལ་གོ་སྐབས་ཀྱི་སྒོ་མོ་ཕྱེ་བར་བསྔགས་བརྗོད་ཞུས་གནང་བ།

2019-11-06 15:00:00     责编:sangjzm

སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྤྱི་ཚེས་༥ཉིན་ཧྲང་ཧའེ་རུ་འགོ་ཚུགས་ཡོད། ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་དང་རྒྱལ་སྤྱིའི་སྒྲིགའཛུགས་ཀྱི་འགན་འཁུར་བ་ཁག་ཅིག་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤེས་ཚིག་གསུངས་ནས། ཀྲུང་གོས་སྐབས་གཉིས་པའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་གཉེར་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། དེའི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་མངོན་པ་དང་། ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་བཏང་སྟེ་འཛམ་གླིང་ལ་གོ་སྐབས་ཀྱི་སྒོ་མོ་ཕྱེ་བར་བསྔགས་བརྗོད་གནང་བ། ཕྱོགས་ཁག་ནས་གོ་སྐབས་དེ་དམ་འཛིན་བྱས་ཏེ་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་དང་དེ་བས་འོད་སྟོང་ལྡན་པའི་འབྱུང་འགྱུར་མཉམ་སྤྱོད་བྱ་རྒྱུའི་ངོས་འཛིན་གནང་ཡོད་པ་རེད།

ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་གིས་ཤེས་ཚིག་གསུངས་སྐབས། ཀྲུང་གོའི་སྒོ་དབྱེས་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་བྱ་སྤྱོད་ངོ་མ་སྤེལ་བ་བརྒྱུད་མུ་མཐུད་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་མཚོན་ཡོད་ཅེས་བསྟན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཕྱི་ཕྱོགས་ཚོང་པའི་མ་འཇོག་ཚད་གཞིའི་ལྡོག་ཕྱོགས་གསལ་ཐོར་བཟོ་བཅོས་བརྒྱབ་ནས། སྒོ་ཁྲལ་སྔར་བས་ཉུང་དུ་བཏང་ཡོད་ཅེས་དང་། ཁོང་གིས། ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40རིང་ཐོབ་པའི་འཛམ་གླིང་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་རླབས་ཆེ་བའི་དོན་ཆེན་ཞིག་ཡིན་པས། དེང་རབས་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་ཁ་ལོ་འགྱུར་མཚམས་གལ་ཆེན་ཞིག་ལ་གྱུར་ཡོད་ཅེས་གསུངས་ཡོད།

མ་ཁེ་ལུང་གིས། སྒོ་དབྱེ་གདམ་ཁ་བྱས་པ་ནི་ཀྲུང་གོའི་མི་དམངས་ཀྱི་བློ་གྲོས་ཡིན་ཞིང་། ཀྲུང་གོར་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་། འཕར་ཚད་མགྱོགས་ཤོས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་བྱུང་ཡོད། ཀྲུང་གོའི་ལེགས་སྒྲུབ་ནི་རང་ངོས་ནས་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། འཛམ་གླིང་ཅན་ལ་གྱུར་བའི་ཕན་པ་ཐོབ་པ་ཞིག་ཀྱང་ཡིན། ཀྲུང་གོ་ནི་འཛམ་གླིང་ཅན་ལ་གྱུར་བའི་ཕན་ཁེ་ཐོབ་མཁན་ཡིན་ལ། གསར་གཏོད་བྱེད་མཁན་ཞིག་ཀྱང་ཡིན། ཀྲུང་གོ་དེ་ཉིད་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་ཚུན། འཛམ་གླིང་དཔལ་འབྱོར་གྱི་གཙོ་གནད་དེ་ཨེ་ཤེ་ཡ་སྤོ་སྒྱུར་བྱས་ནས། འཛམ་གླིང་འཕར་སྣོན་ལ་སྣེ་ཁྲིད་ཐུབ་ཡོད་པའི་ངོས་འཛིན་གནང་བ་དང་། ཁོང་གིས། ཀྲུང་གོའི་ལེགས་སྒྲུབ་ལྡན་པའི་གཏམ་རྒྱུད་ལས་ཀྲུང་གོས་འཛམ་གླིང་ལ་སྒོ་མོ་ཕྱེ་དགོས་པ་དང་། འཛམ་གླིང་གིས་ཀྱང་ཀྲུང་གོར་སྒོ་དབྱེ་བྱེད་དགོས། སྒོ་དབྱེ་བྱས་པ་དེ་ཡང་ཡོ་རབ་ཀྱི་གདམ་ཁ་ཞིག་ཀྱང་ཡིན། རྒྱལ་ཁབ་ཁག་གིས་ཀྲུང་གོས་སྒོ་དབྱེ་སྔར་ལས་ལྷག་པའི་བྱ་ཐབས་ལ་ཚད་མཐོའི་བསྔགས་བརྗོད་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཀེ་རི་སིའི་ཙུང་ལི་མི་ཙོ་ཐ་ཅེ་སིས་ཤེས་ཚིག་གསུང་སྐབས། ཀེ་རི་སི་དེ་ཉིད་གཙོ་མགྲོན་རྒྱལ་ཁབ་ཡིན་པའི་ངོས་ནས་སྐབས་འདིའི་ཀྲུང་གོ་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་ནང་ཞུགས་པ་དང་། ཀེ་རི་སི་དང་ཀྲུང་གོའི་འབྲེལ་བའི་གལ་ཆེའི་རང་བཞིན་མངོན་ཡོད། ཀེ་རི་སི་དང་ཀྲུང་གོས་ཕན་ཚུན་བརྩི་འཇོག་བྱེད་པ་དང་། གཉིས་ཀ་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཡིན་པས། འཛམ་གླིང་གི་ལོ་རྒྱུས་ཐོག་བག་ཆག་ཟབ་མོ་བཞག་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཟམ་མི་ཆད་པར་འགྲོ་བཞིན་ཡོད་པ་དང་། ལག་གདང་འབྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

དབྱི་ཏ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཏི་མ་ཡུའེ་ཡིས་ཤེས་ཚིག་གསུང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་གསུངས་བཤད་ནང་། ཀྲུང་གོས་སྒོ་དབྱེ་སྔར་བས་ཆེ་རུ་ཕྱེ་རྒྱུའི་དམ་བཅའ་བཞག་ཡོད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་ལེགས་སྒྲུབ་ལྡན་པའི་དཔེ་གཞིའི་གྲས་ཤིག་ཡིན་ཞིང་། རྒྱལ་སྤྱིའི་ཉོ་ཚོང་དང་ཕན་ཚུན་སྤེལ་རེས་ཆེད་གོ་སྐབས་བཟང་པོ་སྐྲུན་ཡོད། ཀྲུང་གོ་དེ་ཉིད་ཕྱོགས་མང་རིང་ལུགས་ཀྱི་གྲོས་འགོ་བཏོན་མཁན་གལ་ཆེན་ཞིག་ཡིན་པའི་ངོས་ནས། དེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཁོག་ཡངས་རང་བཞིན་ལྡན་པ་དང་། རྒྱུན་མཐུད་གོང་འཕེལ་དང་གཞུང་དྲང་འགྲན་རྩོད་ཀྱི་ཁོར་ཡུག་ཞིག་སྐྲུན་རྒྱུ་ནན་སྟོན་གནང་ཡོད། དབྱི་ཏ་ལིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་གོ་སྐབས་དེར་དམ་འཛིན་བྱས་ཏེ། ཀྲུང་གོའི་བར་གྱི་ཉོ་ཚོང་སྔར་བས་བརྟན་དུ་གཏོང་རྒྱུ་དང་། དབྱི་ཏ་ལིའི་ཐོན་རྫས་ཀྲུང་གོར་དགའ་བསུ་ཐོབ་ཚད་ཆེ་རུ་གཏོང་རྒྱུ། ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་ཀྱིས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ནང་རྒྱ་བསྐྱེད་གཏོང་རྒྱུ། ཉོ་ཚོང་ལ་སྐུལ་འདེད་དང་ཐོན་རྫས་སྤེལ་རེས་ལ་ཞབས་ཞུ་བཅས་སྒྲུབ་རྒྱུ་ཡིན་ཞེས་གསུངས་ཡོད།

ཏི་མ་ཡུའེ་ཡིས། དབྱི་ཏ་ལི་ནས་ཀྲུང་གོའི་བར་གྱི་ཕྱོགས་གཉིས་མཉམ་ལས་དང་དེ་བཞིན་རྒྱལ་སྤྱི་དང་ཡོ་རབ་མནའ་འབྲེལ་གྱི་བང་རིམ་ནང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ནང་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་ཤུགས་སྣོན་རྒྱག་རྒྱུ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ། ཕྱོགས་མང་ཉོ་ཚོང་སྒྲིག་གཞིའི་ཁྲོད་ཀྱི་ལྟེ་བའི་ནུས་པ་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཨ་ཙེ་ཝེ་ཏོ་ཡིས་ཤེས་ཚིག་གསུང་སྐབས། སྐབས་གཉིས་པའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱིས་ཀྲུང་གོས་ནང་འདྲེན་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོ་དང་འཛམ་གླིང་གི་ཁེ་ལས་དང་འཛད་སྤྱོད་པར་གོ་སྐབས་སྐྲུན་པའི་བསམ་འདུན་ཆེན་པོ་མངོན་པར་བྱས་ཡོད། དེ་ནི་དགེ་མཚན་ལྡན་པ་ཞིག་ཡིན་ཞིང་། ཀྲུང་གོས་ནང་འདྲེན་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ནན་སྟོན་བྱེད་པའི་བྱེད་སྟངས་དེར་དེ་བས་དགའ་བསུ་ཐོབ་འོས་པ་ཞིག་ཡོད་ཅེས་གསུངས་ཡོད།

ཨ་ཙེ་ཝེ་ཏོ་ཡིས། ཉོ་ཚོང་དེ་ཉིད་གཉིས་ཕན་མཉམ་ལས་ངོས་ནས་བཤད་ན་ཧ་ཅང་གལ་ཆེན་པོ་ཡིན། དེང་གི་འཛམ་གླིང་ལ་རྒྱལ་ཁབ་ཁག་གི་དཔལ་འབྱོར་མཉམ་འབྲེལ་དམ་ཟབ་དང་། ཚད་མཐོའི་མཉམ་འདྲེས་བྱེད་བཞིན་ཡོད། ཉོ་ཚོང་གི་ཛ་དྲག་དུས་བབ་སྡུག་ཏུ་ཕྱིན་པ་དང་། འཛམ་གླིང་གི་ཁྲོམ་རར་གཏན་འཁེལ་མེད་པའི་རང་བཞིན་གནས་ཡོད། མ་འོངས་པར་ཉོ་ཚོང་འགྲན་རྩོད་ལ་ཁ་གཏད་གཅོག་པར་རྒྱལ་ཁབ་ཁག་གིས་ངེས་པར་དུ་མཉམ་ལས་ལ་ཤུགས་སྣོན་དང་། ཐུན་མོང་ཐོག་འབད་བརྩོན་བྱས་ནས་དེ་བས་བརྟན་ལྷིང་དང་། དེ་བས་སྔོན་དཔག་ཐུབ་པ། དེ་བས་མཉམ་འདྲེས་ཐུབ་པ་བཅས་ཀྱི་ཉོ་ཚོང་མ་ལག་ཞིག་སྐྲུན་དགོས། རྒྱལ་ཁབ་ཁག་གིས་ད་དུང་མཉམ་དུ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ནུས་པར་ཤུགས་སྣོན་རྒྱག་དགོས་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ། མ་འཇོག་གི་གཏན་འཁེལ་མེད་པའི་རང་བཞིན་དང་དཔལ་འབྱོར་གྱི་འཕར་ཚད་འགོར་དུ་འགྲོ་བའི་བར་གྱི་འཁོར་རྒྱུག་ངན་པ་གཞི་ནས་གྲོལ་ཐུབ་ལ། གཉིས་རྒྱལ་ཡོང་རྒྱུར་སྐུལ་འདེད་ཐེབས་ཐུབ་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有