ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དུས་བསྟུན་མདུན་སྐྱོད་དང་། ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་སྟེ་ཀྲུང་གོ་དང་ཨེ་ཤི་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་ལས་གསོན་ཤུགས་ཆེན་པོ་མངོན་ཡོད།

2019-11-06 09:53:00     责编:sangjzm

ཀྲུང་གོ་དང་ཨེ་ཤི་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་22པ་ཚེས་3ཉིན་པང་ཁོག་ཏུ་འཚོགས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་སྐད་ཆ་ཤོད་རེས་ཀྱི་འབྲེལ་བ་བཙུགས་ནས་ལོ་28སོང་རིང་ཕྱོགས་གཉིས་པོའི་བར་དུས་བསྟུན་མདུན་སྐྱོད་དང་། ལག་གདང་སྦྲེལ་ནས་མདུན་སྐྱོད། འཐབ་ཇུས་འབྲེལ་གཏུག་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་སོང་ཞིང་། དཔལ་འབྱོར་ཉོ་ཚོང་འགྲོ་འོང་རྒྱུན་མཐུད་གཏིང་ཟབ་ཏུ་སོང་བའི་ཁར། མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་སོང་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ལ་གསོན་ཤུགས་ཆེན་པོ་ལྡན་པས། ཕན་ཚུན་དང་ས་ཁུལ་དེ་གར་བདེ་སྐྱིད་ཆེན་པོ་བསྐྲུན་ཡོད།

《ཨེ་ཤེ་ཡ་ཤར་ལྷོའི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》་ནང་ཞུགས་སྔ་ཤོས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོས་ལོ་མང་རིང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་འཐབ་ཇུས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་མཉམ་ལས་དེ་བས་སྤུས་ཚད་ལེགས་གཏོང་རིམ་སྤོར་གྱི་དུས་རབས་གསར་པར་སླེབས་ཡོད།

2017ལོར་ཧྥི་ལི་ཕིན་དུ་འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་20པའི་ཐོག་ཕྱོགས་གཉིས་པོས《ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་སྤེལ་བ་དང་། 2018ལོར་སིང་ཀ་ཕོར་དུ་འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་21པའི་ཐོག་ཕྱོགས་གཉིས་པོས《ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་2030ལོའི་འདུན་པ་》ཞེས་པར་གྲོས་འཆམ་བྱུང་བ་དང་། ད་ཐེངས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་ཚོགས་འདུའི་ཐོག་ཕྱོགས་གཉིས་པོས《“རྒྱུད་གཅིག་ལམ་གཅིག”སྐོར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་འགོ་དང་〈ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་སྤྱིའི་འཆར་འགོད་2025〉ཞེས་པ་གཉིས་མཉམ་ལས་སྦྲེལ་མཐུད་བྱེད་པའི་མཉམ་འབྲེལ་གསལ་བསྒྲགས་ཞེས་པ་སྤེལ་ཡོད་པ་རེད།

མཉམ་ལས་ཡིག་ཆ་དེ་དག་ཐོག་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འཐབ་ཇུས་འབྲེལ་མཐུད་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་མངོན་ཡོད།

འདི་ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཐེ་ལན་གྱི་ཙུང་ལི་པ་ཡུས་ཀྱིས་མིག་སྔའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱས་པ་སྟེ། “ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་སྐད་ཆ་ཤོད་རེས་ཀྱི་རོགས་ཟླའི་འབྲེལ་བའི་ཁྲོད་ཀྱི་གསོན་ཤུགས་ཆེ་ཤོས་དང་གྲུབ་འབྲས་ཆེ་ཤོས་ལྡན་པའི་རོགས་ཟླའི་འབྲེལ་བའི་གྲས་ཤིག་ཡིན་ལ། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས། རྒྱུན་མཐུད་འཕེལ་རྒྱས་བཅས་སྲུང་སྐྱོང་བྱེད་པའི་ཀ་རྟེན་གལ་ཆེན་ཞིག་ཀྱང་རེད།

འཐབ་ཇུས་འབྲེལ་གཏུག་དང་འབྲེལ་མཐུད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དེས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་སྒྲུབ་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལྷག་པར་དུ་སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོང་ཤིས་ལན་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་ཆེན་པོ་ལྡན་པ་དང་། མཉམ་ལས་ཀྱི་རྨང་གཞི་བརྟན་ཞིང་། གྲུབ་འབྲས་མངོན་གསལ་དོད་པ། མདུན་ལམ་རྒྱ་ཆེ་བ་བཅས་ཡོད། “ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་ཉིད‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ནང་ཞུགས་པའི་འབྲེལ་མཐུད་ཆ་ཚང་ཤོས་དང་གྲུབ་འབྲས་མངོན་གསལ་དོད་ཤོས་ཀྱི་ས་ཁུལ་ཞིག་ཏུ་འགྱུར་བཞིན་ཡོད”ཅེས་གསུངས་ཡོད།

དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ནི་སྔར་ནས་བཟུང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ཀྱི“གཏེར་ཁུལ་ཆེན་པོ་”ཞིག་རེད། ད་ཆ་གཏེར་ཁུལ་ཆེན་པོ་དེའི་རིན་ཐང་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་འགོར་དུ་ཕྱིན་པ་དང་ཉོ་ཚོང་སྲུང་སྐྱོང་རིང་ལུགས་དར་ཆེ་བའི་རྒྱབ་ལྗོངས་འོག་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་པས་དཔལ་འབྱོར་ཉོ་ཚོང་འགྲོ་འོང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཉིད་ལོ་བཅུ་བསྟུད་མར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་བ་དང་འདི་ལོའི་ལོ་སྟོད་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་ཉིད་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པར་གྱུར་ནས་ལོ་ཧྲིལ་པོར་ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་འབོར་་ཨ་སྒོར་དུང་ཕྱུར་6000ལས་བརྒལ་རྒྱུའི་རེ་བ་ཡོད་པ་རེད།

མ་ལེ་ཞི་ཡའི་ཧྲོང་ཝུའེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡའོ་ཅིན་ལུང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོའི་གློག་རྡུལ་ཚོང་དོན་དང་། འཕྲིན་གཏོང་། ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།

འདི་ལོའི་སྤྱི་ཟླ་10པར《ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་རིམ་སྤོར་གྲོས་ཆོད་ཡི་གེ 》ཞེས་པའི་ནུས་པ་གྲོས་ཆོད་ཀྱི་ཁོངས་གཏོགས་ཚང་མར་ཐོན་ཞིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐུབ་པས་འབྱུང་འགྱུར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་11གི་མི་འབོར་དུང་ཕྱུར་20ཙམ་ལ་ཁྱབ་པའི་རང་མོས་ཉོ་ཚོང་ཁུལ་གྱི་མདུན་ལམ་དེ་བས་འོད་ཟེར་ལྡན་པ་ཞིག་ཏུ་འགྱུར་ངེས་རེད།

ཧྥི་ལི་ཕིན་གྱི་ཚོང་དོན་དང་བཟོ་ལས་པུའུ་ཀྲང་ལ་མོང་•ལུའོ་ཕེ་སིས། “ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་རིམ་སྤོར་གྲོས་ཆོད་ཡི་གེ”ཞེས་པའི་ནུས་པ་གྲོས་ཆོད་ཀྱི་ཁོངས་གཏོགས་ཚང་མར་ཐོན་རྗེས། ང་ཚོའི་ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་སྔར་བས་ཤུགས་ཆེར་སོང་ཡོད་ཅེས་དང་། ཁོང་གིས་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཉོ་ཚོང་རོགས་ཟླར་སྔ་ཕྱི་བར་གསུམ་དུ་མཉམ་ལས་ཧུར་ཐག་བྱེད་པའི་རྣམ་འགྱུར་འཛིན་གྱི་ཡོད་ལ་ཀྲུང་གོས་ཀྱང་ཨེ་ཤི་ཡ་ཤར་ལྷོའི་རྒྱལ་ཁབ་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། 2018ལོར་ཀྲུང་གོ་དང་ཨེ་ཤི་ཡ་ཤར་ལྷོའི་རྒྱལ་ཁབ་བར་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་བྱེ་བ་ལྔ་དང་ས་ཡ་བདུན་ཟིན་པ་དང་ད་ཆ་གཟའ་འཁོར་རེར་དུས་གཏན་གནམ་གྲུ་4000ཙམ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་འགྲོ་འོང་བྱེད་ཀྱི་ཡོད། ཀྲུང་གོ་ཉིད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་འགྲུལ་ཁུངས་རྒྱལ་ཁབ་ཆེ་ཤོས་སུ་གྱུར་བ་དང་། ཨེ་ཤི་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་མི་སྣ་དེ་བས་མང་བ་ཀྲུང་གོར་ལས་ཀ་དང་སློབ་སྦྱོང་བྱེད་པར་ཡོང་གི་ཡོད།

ཧྥི་ལི་ཕིན་གྱི་གསར་འགྱུར་པུའུ་ཀྲང་མ་ཏིང་ཨན་ཏ་ནར་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་བར་ས་ཁམས་འབྲེལ་ཞིང་། རིག་གནས་འབྲེལ་ཆེ་བས། ཚང་མས་འདྲ་མཉམ་དང་ཁོག་ཡངས་སོགས་ཀྱི་རིན་ཐང་ལྟ་བ་འཛིན་ཞིང་ཡོད་ལ། མི་ཆོས་རིག་གནས་སྤེལ་རེས་དེ་བས་དམ་ཟབ་པ་བྱེད་བཞིན་ཡོད་པས་འབྱུང་འགྱུར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ཐད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有