ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རིམ་པ་མཐོ་ཤོས་ཀྱི་རྒྱས་འཛོམས་ནས་སྒོ་དབྱེའི་ཀྲུང་གོར་བལྟ་བ།

2019-11-01 16:03:00     责编:sangjzm

འབྲས་ལྡན་སྟོན་གྱི་དུས་བཟང་འདིར། ཧྲང་ཧའེ་ལ་རྒྱས་འཛོམས་ཐེངས་གཉིས་གཅིག་རྗེས་གཉིས་མཐུད་དུ་འཚོགས་ཡོད་པ་དང་། སྐུ་མགྲོན་མང་པོ་ཟམ་མི་ཆད་པར་སླེབས་ཡོད། ཤར་ལྷོའི་ཁུལ་དུ་ཡོད་པའི་ལིན་ཀང་ཁུལ་གསར་དུ། ནོར་དཔལ་བྱ་དགའ་ཐོབ་མཁན་40ལྷག་ཚུད་པའི་རྩེར་སོན་ཚན་རིག་མཁས་པ་70ཙམ་གྱིས་སྐབས་གཉིས་པའི་འཛམ་གླིང་རྩེར་སོན་ཚན་རིག་མཁས་པའི་གླེང་སྟེགས་ཐོག་ཚན་རིག་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་མིའི་རིགས་ཀྱི་འབྱུང་འགྱུར་ཐད་རིག་སྟོབས་བགྲོ་གླེང་གནང་ཡོད་པ་དང་། ཤར་ལྷོའི་ཁུལ་གྱི་ཁ་གཏད་དུ་ཡོད་པའི་ནུབ་བྱང་ཁུལ་དུ། ལོ་མ་བཞི་ལྡན་རྩྭའི་རྒྱལ་ཁབ་འགྲེམ་སྟོན་ལྟེ་གནས་སུ། སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་ཚོང་པ་རྣམས་ཀྱིས་འགྲེམ་རྫས་རྩེ་གྲ་དང་དར་གསོ་ཆེ་བའི་དངོས་ཟོག་དོས་སྒམ་ནང་བླུགས་ནས་དབོར་འདྲེན་བྱས་ཏེ། སྐུ་མགྲོན་འགུག་བསྡད་ཡོད་པ་རེད།

ཚན་རྩལ་གོ་ལ་ཧྲིལ་པོ་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཕན་ཚུན་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འདི་གར་དེ་བས་མང་བའི་སྒོ་དབྱེའི་གཏམ་རྒྱུད་གསར་པ་འབྲི་བཞིན་ཡོད། ཀྲུང་གོས། དེ་བས་སྒོ་དབྱེའི་རྣམ་པ་དང་། དེ་བས་རྒྱལ་སྤྱི་ཅན་གྱི་མིག་རྒྱང་གི་ཐོག་ནས། མཉམ་སྤྱོད་སྟེགས་བུ་བཙུགས་པ་དང་། ཕྱོགས་བཞིའི་སྐུ་མགྲོན་ལ་བསུ་བ་ཞུས་པ། ཕྱོགས་མང་མཉམ་རྒྱལ་གྱི་གནས་བབ་བཏོད་ཡོད་པ་རེད།

སྐབས་གོང་མ་དང་བསྡུར་ན། སྐབས་གཉིས་པའི་འཛམ་གླིང་རྩེར་སོན་ཚན་རིག་མཁས་པའི་གླེང་སྟེགས་ལ་ཞུགས་མཁན་མི་གྲངས་སླར་ཡང་ཨ་ཤེ་ཡའི་གླིང་གི་མང་ཤོས་ཡིན་པ་དང་། རྩེར་སོན་ཚན་རིག་མཁས་པའི་མི་གྲངས་ཧ་ལམ་ལྡབ་གཅིག་མང་དུ་ཕྱིན་ཡོད་ཅིང་། འདི་ལོ་ནོར་དཔལ་བྱ་དགའ་ཐོབ་མཁན་བཞི་ཀྲུང་གོར་ཕེབས་ཡོད་པ་རེད།

མིག་སྔར། ཚན་རྩལ་གོ་ལ་ཧྲིལ་པོ་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་བར་ཕན་ཚུན་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་འགྲོ་གི་ཡོད། སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐོག རྩེར་སོན་གྱི་ཁྱད་མཚར་ལག་རྩལ་ཡང་དེ་བས་མང་བ་ཀྲུང་གོར་ཐེངས་དང་པོ་སྟོན་ཡོད་པ་རེད།

སྤྱི་ཟླ་10ཚེས་22ཉིན། སྐབས་གཉིས་པའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སུ་སླེབས་པའི་འགྲེམས་རྫས་དང་པོ་དབྱི་ཏ་ལིའི་ཧྥ་ལ་ཏི་ཀུང་སིའི་FSD195མྱུར་བགྲོད་གཞུང་དོན་གྲུ་གཟེངས་འགྲེམས་རར་སླེབས་ཡོད། ནང་འདྲེན་དངོས་མང་འགྲེམས་ཚོགས་དེ་ཉིད་ཀྲུང་གོ་དང་ཐ་ན་ཨ་ཤེ་ཡ་ཡོངས་སུ་ཐོག་མར་སྟོན་པའི་གཞུང་དོན་གྲུ་གཟེངས་ཀྱི་ལས་གཉེར་མངོན་པའི་སྐར་ཁུང་ཕུལ་བྱུང་ལྟ་བུར་གྱུར་ཡོད། རྩེར་སོན་སྒྲིག་ཆས་འགྲེམས་ཁུལ་དང་རིག་ནུས་བཟོ་སྐྲུན། ཐག་གཅོད་ཇུས་གཞིའི་འགྲེམས་ཁུལ་དུ། སྔོན་ཐོན་གྱི་ལག་རྩལ་ལ་བརྟེན་ནས་ཀྲུང་གོའི་ཁྲོམ་རར་ཡོང་རྒྱུའི་རེ་བ་བྱེད་པའི་རྩེར་སོན་གྱི་འགྲེམས་དངོས་མི་ཉུང་བ་ཡོད་པ་རེད།

རྒྱལ་སྤྱིའི་མཉམ་ལས་ནི་ཚན་རིག་དང་ཐོན་ལས་གོང་འཕེལ་འགྲོ་བའི་ལྡོག་མེད་འཕེལ་ཕྱོགས་ཤིག་ཡིན། སྤྱི་ལོ་1997ལོའི་ནོར་དཔལ་དངོས་ཁམས་རིག་པའི་བྱ་དགའ་ཐོབ་མཁན། ཨ་རིའི་ནུས་ཁུངས་པུའི་དེ་སྔའི་པུའུ་ཀྲང་ཀྲུའུ་ལི་ཝུན་གྱིས། རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་ཚན་རིག་སྒེར་སྡོམ་བྱེད་མི་ཐུབ་ཅེས་དང་། ཁོང་གིས། ཚན་རིག་མཁས་པ་ཞིག་གིས་གསར་རྙེད་བྱུང་བ་དེས་ཚན་རིག་མཁས་པ་གཞན་ཞིག་གི་གསར་རྙེད་ལ་སྐུལ་སྤེལ་བྱེད་ཐུབ་པ་དང་། དེའི་ཡན་ལག་དང་ཉིང་ལག་ཐོག་ལ་ཡང་འགག་གཏོར་གསར་པ་ཡོང་ཐུབ། སྟེགས་བུ་སྔར་ལས་མང་བ་བརྒྱུད། ཚང་མས་ཐབས་ཤེས་མཉམ་སྤྱོད་དང་། གང་བསམ་ལྷུག་གླེང་བྱས་ནས། མཉམ་དུ་ཚན་རིག་ཁྱབ་ཁོངས་དེ་ཉིད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

ནང་འདྲེན་དངོས་མང་འགྲེམས་ཚོགས་དང་འཛམ་གླིང་རྩེར་སོན་ཚན་རིག་མཁས་པའི་གླེང་སྟེགས་དེ་གཉིས་ཀ་འདི་ལོ་གཉེར་ཐེངས་གཉིས་པ་དེ་ཡིན་པ་དང་། རྒྱས་འཛོམས་གཉིས་པོར་ཕྱིར་ལོག་མགྲོན་པོ་མི་ཉུང་བ་སླེབས་ཡོད། སྐབས་དང་པོའི་གླེང་སྟེགས་ལ་ཞུགས་པའི་ཚན་རིག་མཁས་པ་བརྒྱ་ཆ་བརྒྱད་ཅུ་སླར་ཡང་ཀྲུང་གོར་ཕེབས་ཡོད་པ་དང་། ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱིས་འགྲེམས་གནས་གཞི་ཁྱོན་རྒྱ་ཆེར་བཏང་ཡོད་ཀྱང་། སྔར་བཞིན་འགྲེམས་གནས་རགས་ཁག་པོ་ཡོད་པས། ཁེ་ལས་མི་ཉུང་བ་ཞིག་གིས་སྐབས་གསུམ་པའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སུ་ཞུགས་རྒྱུའི་ཐོ་འགོད་ད་ལྟ་ནས་བྱེད་བཞིན་ཡོད་པ་རེད།

སྐབས་འདིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐོག ཧྥ་རན་སིའི་ཏ་ནེང་ཚོགས་པའི་འགྲེམས་རྫས་སྣ་ཁ་120ལྷག་ཡོད་པ་དང་། དེ་ན་ནིང་ལས་བརྒྱ་ཆ་50འཕར་ཡོད་པ་རེད། ཏ་ནེང་གོ་ལ་ཧྲིལ་པོའི་སྤྱི་འདོམས་གཞོན་པ་ཤེ་ཝེ་ཧྥུས། ཚོགས་པའི་དུས་ཚིགས་གསུམ་པའི་ལས་ཆོད་སྙན་ཞུ་ལས་གསལ་བར། ཀྲུང་གོར་ཕྲུ་གུའི་འཚོ་བཅུད་ཐོན་རྫས་ཀྱི་ལས་སྒོའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་20བརྒལ་བ་དང་། དེ་ཁྲོམ་ར་ཧྲིལ་པོའི་འཕར་སྣོན་འགྲོ་ཚད་ཀྱི་ལྡབ་གཅིག་ཙམ་ཡིན་ཞེས་གསུངས་ཡོད། ཀྲུང་གོའི་སྒོ་དབྱེའི་ཚོང་གཉེར་ཁོར་ཡུག་དང་། གོང་འཕེལ་ཟམ་མི་ཆད་པར་འགྲོ་བའི་གློག་རྡུལ་ཚོང་དོན། ཞབས་ཞུ་སྟབས་བདེ་ཅན་གྱི་རང་མོས་ཉོ་ཚོང་ཁུལ། ད་དུང་ནང་འདྲེན་དངོས་མང་འགྲེམས་ཚོགས་ལྟ་བུའི་ཁྱབ་གདལ་སྟེགས་བུ་སོགས་ཀྱིས་རྒྱལ་ཁོངས་བརྒལ་བའི་ཁེ་ལས་ལ་ཐུན་མོང་མིན་པའི་གོ་སྐབས་སྤྲད་ཡོད་པ་རེད།

ལིན་ཀང་ལེབ་ཁུལ་གྱིས་ཀྱང་ཐོབ་ཐང་བརྗེ་སྒྱུར་ཟིན་གྲབས་ཡིན་པ་རེད། སྤྱི་ཟླ་8པར་སྒོ་བྱང་བཀལ་བའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ལིན་ཀང་ལེབ་ཁུལ་དེ་ཉིད་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་པའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད། ཐེ་སི་ལའི་སྤྱི་གཉེར་མ་སི་ཁེས། ཟླ་བ་བཅུའི་རིང་ཁོ་ནར་ཐོག་མའི་ས་བརྐོ་རྡོ་སློག་བྱེད་པ་ནས་ཐོན་སྐྱེད་ཚོད་ལྟ་བྱེད་པའི་ཀྲུང་གོའི་ཐེ་སི་ལའི་རིམ་འདས་བཟོ་གྲྭའི་གོང་འཕེལ་མྱུར་ཚད་ལ་བསྔགས་བརྗོད་གནང་ཡོད། ལིན་ཀང་ཚོགས་པའི་སྤྱི་འདོམས་ཡོན་ཀོ་ཧྭ་ཡིས། ལིན་ཀང་གིས་ཐུན་ཁུངས་ལེགས་ཤོས་དག་བེད་སྤྱོད་བྱས་ནས། འཛམ་གླིང་ཧྲིལ་པོའི་ཚན་རིག་མཁས་པ་དང་ཁེ་ལས་མཁས་པ་ལིན་ཀང་དུ་སྤེལ་རེས་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་དམིགས་ནས། ཕུགས་ཕན་ཇུས་འགོད་དང་། རང་རྟོགས་ངང་ལས་དོན་སྒྲུབ་དགོས། ཀྲུང་ཨ་འབྱུང་འཕྲོད་ཐེབས་རྩའི་དབུ་བཞུགས་ལག་བསྟར་དཔོན་པའེ་པོ་ཡིས། འཛམ་གླིང་ཧྲིལ་པོའི་ཁོར་ཡུག་སྦགས་བཙོག་དང་གནམ་གཤིས་འགྱུར་ལྡོག་གནད་དོན་ཐག་གཅོད་བྱས་ནས། དུས་རབས་ལ་འབྱུང་འཕྲོད་ཀྱི་སྒུལ་ནུས་གསར་པ་སྦྱིན་དགོས་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་རོགས་འདེད་བྱེད་དགོས་པ། ཁྲོམ་རའི་མི་མངོན་པའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། དེ་དག་ཚང་མ་ནི་མིའི་རིགས་ཡོངས་ལ་ཐུན་མོང་ཐོག་འཕྲད་པའི་དཀའ་གནད་ཡིན། སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་། ཚན་རིག་མཁས་པ་དང་། མཐོ་སློབ། ཁེ་ལས། དངུལ་རྩའི་ཚན་པ་བཅས་ཀྱིས་རང་འཁྲིའི་འགན་ནུས་ཁུར་ནས་མཉམ་རྒྱལ་གྱི་རྣམ་པ་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有