ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རི་ཕྱོགས་ཀྱིས་རྟོག་བཟོའི་ཉེས་མིང་ལ་བརྟེན་ནས་དམིགས་འཛུགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་གཉའ་གཅོག་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

2019-11-01 11:01:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཨ་རི་ཕྱོགས་ཀྱིས་དཔང་རྟགས་གང་ཡང་མེད་ པའི་གནས་ཚུལ་འོག རྟོག་བཟོའི་ཉེས་མིང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་འདོད་དུ་སྤྱད་དེ་དམིགས་འཛུགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་གཉའ་གཅོག་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། ཨ་རི་ཕྱོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དོན་སྤྱི་རྒྱ་ཆེར་གཏོང་མཚམས་འཇོག་པ་དང་ཀྲུང་གོར་རྐང་བཙུགས་ནས་ཉེས་མེད་ནག་འགེལ་དང་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས་པའི་སྐུལ་འདེབས་བྱས་ཏེ་ཀྲུང་གོའི་ཁེ་ལས་ཨ་རིར་རྒྱུན་གཏན་ངང་ཚོང་གཉེར་བྱེད་སྒོ་སྤེལ་བར་དྲང་གཞག་དང་འདྲ་མཉམ་ཡོད་ལ་ཁྱད་གསོད་མེད་པའི་ཁོར་ཡུག་ཅིག་སྐྲུན་དགོས་ཞེས་བརྗོད།

དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲིས་དོན། ཨ་རི་རྒྱལ་ཕྲན་མཉམ་འབྲེལ་འཕྲིན་གཏོང་ཨུ་ཡོན་ལྷན་ཁང་གིས་ཟླ་11པར་འདེམས་ཤོག་འཕངས་ནས་ཧྭ་ཝེ་དང་ཀྲུང་ཤིན་ཀུང་སི་གཉིས་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་གཏན་འཁེལ་མིན་ཐག་གཅོད་རྩིས་ཡོད་པ་དང་། དེ་ཐོག་ནས་ཀུང་སི་དེ་གཉིས་པོ་ཨ་རིའི་གྲོང་གསེབ་གློག་འཕྲིན་གཉེར་སྐྱོང་ཚོང་པའི་ཨ་སྒོར་དུང་ཕྱུར་85ཡི་སྲིད་གཞུང་ཐེབས་རྩའི་ཉོ་སྒྲུབ་མིང་ཐོའི་ནང་ཧ་ལམ་འཇུག་མི་སྲིད་པ་མཚོན་གྱི་ཡོད། དེས་ན་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་གནད་དོན་དེའི་ཐད་ལངས་ཕྱོགས་གསལ་པོ་ཐེངས་མང་བསྟན་མྱོང་ཡོད། ཨ་རི་ཕྱོགས་ཀྱིས་དཔང་རྟགས་གང་ཡང་མེད་པའི་གནས་ཚུལ་འོག རྟོག་བཟོའི་ཉེས་མིང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་འདོད་དུ་སྤྱད་དེ་དམིགས་འཛུགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་གཉའ་གཅོག་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱི་དཔལ་འབྱོར་བཙན་བརྙས་ཀྱི་བྱེད་སྤྱོད་འདི་རིགས་ནི་ཨ་རི་ཕྱོགས་སོ་སོས་ནམ་ཡང་འུད་བསྟོད་བྱེད་པའི་ཁྲོམ་རའི་དཔལ་འབྱོར་གྱི་རྩ་དོན་ལ་ཁས་མ་བླངས་པ་རང་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་དང་རྒྱབ་སྐྱོར་ཡང་ཐོབ་མི་སྲིད་ཅེས་བརྗོད།

ཀེང་ཧྲོང་གིས། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་གྲོང་གསེབ་སྐུད་མེད་གཉེར་སྐྱོང་ཚོང་པའི་མཐུན་ཚོགས་ཀྱི་ཚོད་རྩིས་ལས་ཤེས་གསལ་དུ། མཐུན་ཚོགས་ཀྱི་ཁོངས་མིའི་ཁེ་ལས་25%ཡིས་ཧྭ་ཝེའམ་ཡང་ན་ཀྲུང་ཤིན་ཀུང་སིའི་སྒྲིག་ཆས་བེད་སྤྱོད་གཏོང་བ་དང་། སྒྲིག་ཆས་དེ་དག་བརྗེ་བར་ཨ་སྒོར་དུང་ཕྱུར་8ནས་10བར་དགོས་ཀྱི་ཡོད་པས། ཨ་རིའི་གྲོང་གསེབ་ས་ཁུལ་ཁག་གཅིག་ལ་འཕྲལ་མར་འཕྲིན་གཏོང་དྲ་རྒྱ་ཆད་ངེས་རེད། ཨ་རི་ཕྱོགས་ཀྱི་མི་ཁག་གཅིག་གིས་རང་རྒྱལ་ཁབ་ཀྱི་གྲོང་གསེབ་གློག་འཕྲིན་གཉེར་སྐྱོང་ཚོང་པས་ཧྭ་ཝེ་དང་ཀྲུང་ཤིན་ཀུང་སི་ནས་སྒྲིག་ཆས་སམ་ཡང་ན་ཞབས་ཞུ་ཉོ་མཚམས་འཇོག་དགོས་པའི་འུད་སྒྲོག་བྱེད་ཀྱི་ཡོད་ནའང། གྱོང་གུན་ཕོག་ས་མཐར་གཏུགས་ན་སྔར་བཞིན་རང་རྒྱལ་ཁབ་ཀྱི་ཁེ་ལས་དང་རང་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་ཕན་རེད། ཨ་རི་ཕྱོགས་ཀྱིས་རང་སོ་སོས་བཟོས་པའི་ཉེན་ཁ་དེར་ལྟ་སྟངས་གང་འདྲ་འཛིན་པ་ཤེས་མ་སོང་ཞེས་བརྗོད།

ཀེང་ཧྲོང་གིས། རྒྱལ་ཁབ་ཕལ་ཆེ་བས“མེ་ལོང་ཟུར་གསུམ་མའི”དོན་རྐྱེན་དང་ཧྥ་རན་སེའི་ཨར་སི་ཐུང་ཀུང་སིའི་སྔོན་ཕམ་རྗེས་དཔེ་དེ་ད་དུང་གསལ་པོར་ངེས་ཀྱི་ཡོད། ད་ལྟ་བར་དུ་ཨ་རི་ཕྱོགས་ཀྱིས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེལ་བཤད་གསལ་པོ་བརྒྱབ་མེད་ཅེས་བརྗོད།

“ང་ཚོས་ཡང་བསྐྱར་ཨ་རི་ཕྱོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དོན་སྤྱི་རྒྱ་ཆེར་གཏོང་མཚམས་འཇོག་དགོས་པ་དང་། ཀྲུང་གོར་རྐང་བཙུགས་ནས་ཉེས་མེད་ནག་འགེལ་དང་སྐྱོན་འཛུགས་བྱེད་མཚམས་འཇོག་པ། དམིགས་འཛུགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚུལ་མིན་གྱི་གཉའ་གཅོག་བྱེད་མཚམས་འཇོག་པ་བཅས་ཀྱི་སྐུལ་འདེབས་བྱས་ནས། ཀྲུང་གོའི་ཁེ་ལས་དག་ཨ་རིར་རྒྱུན་གཏན་ངང་ཚོང་གཉེར་བྱེད་སྒོ་སྤེལ་བར་དྲང་གཞག་དང་འདྲ་མཉམ་ཡོད་ལ་ཁྱད་གསོད་མེད་པའི་ཁོར་ཡུག་ཅིག་བསྐྲུན་པ་དང་། ཀྲུང་གོ་དང་ཨ་རི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཡོང་བར་ཕན་པའི་ལས་དོན་མང་ཙམ་སྒྲུབ་པའི་རེ་བ་ཡོད”ཅེས་ཀེང་ཧྲོང་གིས་བརྗོད།

中央广播电视总台 央广网 版权所有