ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་གྲོས་ཚོགས་སྨད་པས་སྲིད་གཞུང་སྡེ་ཁག་ཁག་གིས་ཐེ་རོན་ཕུར་དམིགས་པའི་ནག་ཉེས་ཐེར་འདོན་བརྟག་དཔྱད་ལ་གཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་པ།

2019-10-09 09:36:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༧ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པས་ཁག་སོ་སོར་རྒྱལ་སྲུང་པུའུ་དང་། སྲིད་འཛིན་དོ་དམ། སྔོན་རྩིས་ཅུད་བཅས་ལ་འགུག་ཡིག་བཀུར་བ་དང་། ཁོང་ཚོས་རེ་བར་གཞིགས་ནས་ཙུང་ཐུང་ཐེ་རོན་ཕུའི་ཁ་པར་དོན་རྐྱེན་དང་འབྲེལ་བའི་ཡིག་ཆ་སྐྱེལ་རྒྱུ་དང་། གྲོས་ཚོགས་སྨད་པར་ཐེ་རོན་ཕུར་དམིགས་པའི་ནག་ཉེས་ཐེར་འདོན་གྱི་བརྟག་དཔྱད་ལ་གཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་ཡོད།

འགུག་ཡིག་དེ་གཉིས་པོ་ནི་གྲོས་ཚོགས་སྨད་པའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་གིས་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་དང་། ལྟ་སྐུལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་གྲོས་མོལ་བྱས་པ་བརྒྱུད་མིང་རྟགས་བཀོད་ནས་སྤྲད་པ་ཞིག་ཡིན་པ་དང་། རྒྱལ་སྲུང་པུའུ་དང་། སྲིད་འཛིན་དོ་དམ། སྔོན་རྩིས་ཅུད་བཅས་ནས་སྤྱི་ཚེས་༡༥ཉིན་གོང་འགུག་ཡིག་ལ་གཞིགས་ནས་འབྲེལ་ཡོད་ཡིག་ཆ་སྐྱེལ་དགོས་པ་དང་། ཁོང་ཚོར་ཕོ་བྲང་དཀར་པོས་དེའི་གོང་ཨུ་ཁེ་ལན་ལ་དམག་དོན་རོགས་སྐྱོར་མཚམས་འཇོག་བྱེད་པའི་རྒྱུ་རྐྱེན་སོགས་ཀྱི་གནས་ཚུལ་ལ་ཞིབ་དཔྱད་བྱ་རྒྱུར་བེད་སྤྱོད་གཏོང་རྒྱུ་རེད།

དེའི་གོང་ཕོ་བྲང་དཀར་པོ་དང་། ཨ་རིའི་རྒྱལ་དོན་ཁང་། ཐེ་རོན་ཕུའི་མི་སྒེར་གྱི་ཁྲིམས་རྩོད་པ་ཀྲུའུ་ལི་ཨན་ཉི་བཅས་ལ་ཁག་སོ་སོར་གྲོས་ཚོགས་སྨད་པས་བཀུར་བའི་འགུག་ཡིག་འབྱོར་ཡོད་པ་དང་། ཙུང་ཐུང་གཞོན་པ་ཕོང་སི་ནས་ཀྱང་འབྲེལ་ཡོད་ཡིག་ཆ་སྐྱེལ་དགོས་པའི་རེ་བ་བཏོན་ཡོད། ཡིན་ནའང་རྒྱལ་དོན་ཁང་གིས་ཉིན་ཤས་གོང་འགུག་ཡིག་གི་རེ་བ་ལྟར་འབྲེལ་ཡོད་ཡིག་ཆ་སྐྱེལ་རྒྱུའི་མཐའ་མའི་དུས་ཚད་ལས་བརྒལ་ཡོད།

ད་ལོའི་སྤྱི་ཟླ་༨པར། ཨ་རིའི་གསང་འཕྲིན་ལས་རིགས་ཀྱི་མི་སྣས་ཐེ་རོན་ཕུས་སྤྱི་ཟླ་༧པར་ཨུ་ཁེ་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅིར་ཁ་པར་རྒྱག་སྐབས་རང་སོའི་ཆབ་སྲིད་ཀྱི་ཁ་གཏད། ཨ་རིའི་དེ་སྔའི་ཙུང་ཐུང་གཞོན་པ་པའེ་ཏེང་དང་དེ་བཞིན་ཁོང་གི་བུ་ལ་བརྟག་དཔྱད་བྱ་རྒྱུའི་རེ་བ་བཏོན་པར་ཐེར་འདོན་བྱས་ཡོད། དོན་རྐྱེན་དེའི་ཤུགས་རྐྱེན་འོག ཨ་རིའི་གྲོས་ཚོགས་སྨད་པའི་གྲོས་དཔོན་ཕེ་ལོ་ཞིས་སྤྱི་ཟླ་༩ཚེས་༢༤ཉིན་ཐེ་རོན་ཕུར་ནག་ཉེས་ཐེར་འདོན་ལ་བརྟག་དཔྱད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཐེ་རོན་ཕུའི་བྱ་སྤྱོད་དེ་ཨ་རིའི་འདེམས་བསྐོའི་དྲང་བདེན་ལ་གནོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ་གཏན་འཁེལ་བྱས་ཡོད། ཡིན་ནའང་གནད་དོན་དེར་གྲོས་ཚོགས་སྟོད་པས་ཡོངས་སུ་བརྡས་ཐག་བཅད་མེད་པ་རེད།

ཐེ་རོན་ཕུས་ཀྱང་། ཁོང་གིས་ཨུ་ཁེ་ལན་ཕྱོགས་ནས་པའེ་ཏེང་ཕ་བུར་བརྟག་དཔྱད་བྱ་རྒྱུའི་རེ་བ་བཏོན་པ་ནི་ཆབ་སྲིད་དང་འབྲེལ་བ་མེད་པ་ཞིག་ཡིན་ལ། དེ་ནི་རུལ་སུངས་ལ་ངོ་རྒོལ་བྱས་པ་ཁོ་ན་ཡིན་ཞེས་བཤད་པ་དང་། ཁོང་གིས་ད་དུང་ནག་ཉེས་ཐེར་འདོན་གྱི་བརྟག་དཔྱད་ནི་ཁོང་ལ་དམིགས་པའི་ཆབ་སྲིད་ཀྱི་བཙན་གནོད་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有