ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ནེ་ཐ་ཉི་ཡ་ཧུས་སྲིད་གཞུང་བསྐྱར་སྒྲིག་གི་དཀའ་གནད་སེལ་ཐུབ་བམ།

2019-09-27 17:42:00     来源:     责编:sangjzm

དབྱི་སི་རལ་གྱི་ཙུང་ཐུང་ལི་ཧྥུ་ལིན་གྱིས་སྤྱི་ཚེས་༢༥ཉིན་གྱི་དགོང་མོ། ད་ལྟའི་ཙུང་ལི་ནེ་ཐ་ཉི་ཡ་ཧུར་སྐབས་གསར་པའི་སྲིད་གཞུང་འཛུགས་རྒྱུའི་དབང་ཆ་ དངོས་སུ་སྤྲད་ཡོད། དེ་ནི་ད་ལོའི་ཟླ་བ་༥པར་ནེ་ཐ་ཉི་ཡ་ཧུས་ནང་བློན་ཁང་བསྐྱར་སྒྲིག་བྱེད་པ་བདེ་བླག་མ་བྱུང་བའི་རྗེས་སླར་ཡང་ནང་བློན་ཁང་བསྐྱར་སྒྲིག་གི་དབང་ཆ་ཐོབ་པ་ཞིག་ཡིན།

དབྱེ་ཞིབ་མི་སྣས། འདེམས་བསྐོའི་རྗེས་དབྱི་སི་རལ་ཏང་ཤོག་ཁག་ཁ་ཐོར་ཕྱིན་པའི་གནད་དོན་ཞི་ལྷོད་དུ་ཕྱིན་མེད་པ་དང་། ནེ་ཐ་ནེ་ཡ་ཧུའམ་ཡང་ན་སྔོ་དཀར་ཏང་གི་འགོ་འཛིན་ཀན་ཚེ་སུ་ཡིན་ནའང་། མ་འོངས་པར་ནང་བློན་ཁང་བསྐྱར་སྒྲིག་བྱ་རྒྱུ་ལས་སླ་པོ་མིན་ཞིང་། དེའི་སྟེང་ནེ་ཐ་ཉི་ཡ་ཧུའི་རུལ་སུངས་གྱོད་གཞིའི་སྐོར་གྱི་དཔང་ཉན་ཚོགས་འདུ་ཟླ་བ་༡༠པར་ཚོགས་རྒྱུ་ཡིན་པས། དབྱི་སི་རལ་གྱི་ཆབ་སྲིད་དུས་བབ་ངེས་གཏན་མེད་པར་གྱུར་ཡོད།

དབྱི་སི་རལ་གྱིས་སྤྱི་ཚེས་༡༧ཉིན་ལོ་གཅིག་ནང་གི་གྲོས་ཚོགས་ཁང་གི་འདེམས་བསྐོ་ཐེངས་གཉིས་པ་བྱས་ཡོད། ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་༢༥ཉིན་གྱི་ཐོ་རེངས་ལ་མཐའ་མའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ནེ་ཐ་ཉི་ཡ་ཧུས་འགོ་ཁྲིད་པའི་གཡས་ཤོག་སྲིད་ཏང་ལི་ཁུ་སྡེ་ཚོགས་པར་གདན་ཐོབ་༡༢༠ཁྲོད་ཀྱི་༣༢ཐོབ་པ་དང་། ཁོ་ཚོའི་འགྲན་ཡ་སྔོ་དཀར་ཏང་ལ་གདན་ཐོབ་༣༣ཐོབ་ཡོད།

ཟླ་བ་༤པའི་ཚེས་༩ཉིན་གྱི་སྐབས་གོང་མའི་འདེམས་བསྐོའི་ཁྲོད། ལི་ཁུ་སྡེ་ཚོགས་པས་གཙོ་བོ་བྱེད་པའི་གཡས་ཤོག་སྲིད་ཏང་ལ་ཁྱོན་གདན་ཐོབ་༦༥ཐོབ་པ་དང་། དེའི་ཁྲོད་ལི་ཁུ་སྡེ་ཚོགས་པར་གདན་ཐོབ་༣༦ཐོབ་ཡོད། གཡོན་དབུས་ཤོག་ཁག་གི་སྲིད་ཏང་ལ་ཁྱོན་གདན་ཐོབ་༥༥ཐོབ་པ་དང་། དེའི་ཁྲོད་སྔོ་དཀར་ཏང་ལ་གདན་ཐོབ་༣༥ཐོབ་ཡོད། ཟླ་བ་༤པའི་ཚེས་༡༧ཉིན། ལི་ཧྥུ་ལིན་གྱིས་ནེ་ཐ་ཉི་ཡ་ཧུར་ནང་བློན་ཁང་བསྐྱར་སྒྲིག་གི་དབང་ཆ་སྤྲད་ཡོད། འོན་ཀྱང་གཡས་ཤོག་འཐབ་ཕྱོགས་ནང་ཁུལ་གྱི་འགལ་ཟླ་རྣོ་ངར་ཆེ་བའི་རྐྱེན་གྱིས། ནེ་ཐ་ཉི་ཡ་ཧུས་གཏན་འབེབ་དུས་ཚོད་ཟླ་བ་༥པའི་ཚེས་༢༩ཉིན་གྱི་ནང་བློན་ཁང་བསྐྱར་འཛུགས་ཀྱི་མཐའ་མའི་དུས་བཀག་ནང་སྲིད་འཛིན་མནའ་འབྲེལ་འཛུགས་ཐུབ་མེད་པ་རེད། ནང་བློན་ཁང་བསྐྱར་སྒྲིག་གི་དབང་ཆ་ཏང་ཤོག་གཞན་ལ་མི་ཤོར་བའི་ཆེད། ལི་ཁུ་སྡེ་ཚོགས་པས་གྲོས་ཚོགས་ཁང་ཁ་ཐོར་བཏང་ནས་འདེམས་བསྐོ་བསྐྱར་དུ་བྱེད་རྒྱུའི་བསམ་འཆར་བཏོན་ཡོད།

སྐབས་གོང་མའི་འདེམས་བསྐོ་དང་དུས་ཡུན་ཟླ་བ་ལྔའི་བར་ཁྱད་ལས་མེད་པའི་རྐྱེན་གྱིས། འདེམས་བསྐོའི་མཇུག་འབྲས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཕྱིན་མེད། ད་རེས་སྔོ་དཀར་ཏང་དེ་གྲོས་ཚོགས་ཁང་གི་ཏང་ཆེན་པོ་དང་པོར་གྱུར་ཡོད་ནའང་། ལི་ཁུ་སྡེའི་ཚོགས་པ་ལས་གདན་ཐོབ་༡གིས་མཐོ་བ་ཙམ་ཡིན་པས། ཏང་གཉིས་པོ་སྔར་བཞིན་སྟོབས་ཤུགས་འདྲ་མཚུངས་ཡིན། ནང་བློན་ཁང་བསྐྱར་སྒྲིག་ལ་ཚང་དགོས་པའི་གདན་ཐོབ་༦༡ ཐོབ་མཁན་གྱི་ཏང་ཤོག་གཅིག་ཀྱང་བྱུང་མེད་པ་དང་། སྔོ་དཀར་ཏང་དང་ལི་ཁུ་སྡེ་ཚོགས་པས་ནང་བློན་ཁང་བསྐྱར་སྒྲིག་བྱེད་དགོས་ན་ངེས་པར་དུ་ཏང་ཤོག་གཞན་དང་མནའ་འབྲེལ་འཛུགས་དགོས།

ནང་བློན་ཁང་བསྐྱར་སྒྲིག་ལ་བར་ཆད་མི་ཡོང་བའི་ཆེད། དབྱི་སི་རལ་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ངང་ལི་ཁུ་སྡེ་ཚོགས་པ་དང་སྔོ་དཀར་ཏང་གཉིས་པོས་ཐུན་མོང་ཐོག་མཉམ་འབྲེལ་སྲིད་གཞུང་འཛུགས་རྒྱུའི་རེ་བ་བཅངས་ཡོད། མ་གཞི་ཏང་གཉིས་ཀས་ཕ་རོལ་ཕྱོགས་དང་མཉམ་འབྲེལ་སྲིད་འཛིན་བྱེད་འདོད་ཡོད་པ་བསྟན་ཡོད། འོན་ཀྱང་སྔོ་དཀར་ཏང་གིས་ནེ་ཐ་ཉི་ཡ་ཧུས་ཙུང་ལིའི་འགན་གནས་བསྟུད་འཛིན་བྱེད་མི་ཆོག་པའི་ཆ་རྐྱེན་བཏོན་ཡོད།

དབྱི་ཞིབ་པས། གལ་ཏེ་ནེ་ཐ་ཉི་ཡ་ཧུས་འགན་གནས་བསྟུད་འཛིན་ཐུབ་ན། གྲོས་ཚོགས་ཁང་གིས་གྲོས་མི་ཁྲིམས་འཛིན་བརྟག་དཔྱད་ལས་གཡོལ་ཆོག་པའི་སྐོར་གྱི་ཆག་ཡང་ཁྲིམས་གཞིར་གྲོས་འཆམ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་། དེ་དང་བསྟུན་ནས་ཟླ་བ་༡༠པའི་ཟླ་སྟོད་དུ་གཉེར་རྒྱུའི་རུལ་སུངས་སྐྱོན་འཛུགས་དཔང་ཉན་ཚོགས་འདུའི་ཐོག་རང་འགུལ་དབང་ཆ་ཐོབ་ནས། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁོ་པའི་རུལ་སུངས་གྱོད་གཞིར་ཞུ་གཏུག་རྒྱག་རྒྱུ་བཀག་འགོག་བྱེད་ཐུབ། དེར་བརྟེན་ནེ་ཐ་ཉི་ཡ་ཧུར་འགན་གནས་བསྟུད་འཛིན་གྱི་གོ་སྐབས་བློས་གཏོང་བྱེད་དུ་འཇུག་པ་ནི་བསམ་མི་ཕོད་ལ་སྒྲུབ་ཀྱང་མི་ནུས་པའི་བྱ་བ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག

མཇུག་མཐར། སྔོ་དཀར་ཏང་དང་ལི་ཁུ་སྡེ་ཚོགས་པའི་སྲིད་འཛིན་མཉམ་འབྲེལ་བྱ་རྒྱུའི་སྐོར་གྱི་གྲོས་མོལ་ལ་གྲོས་འཆམ་བྱུང་མེད། ལི་ཧྥུ་ལིན་དང་གྲོས་ཚོགས་ཁང་གི་ཏང་ཤོག་འཐུས་མིས་ནང་བློན་ཁང་གི་ཁོངས་མིའི་སྐོར་ལ་གྲོས་བསྡུར་བྱེད་སྐབས། ནེ་ཐ་ཉི་ཡ་ཧུར་གྲོས་མི་༥༥འོས་འདེམས་བྱེད་ཆོག་པའི་དབང་ཆ་ཐོབ་པ་དང་། ཀན་ཚེར་གྲོས་མི་༥༤འོས་འདེམས་བྱེད་ཆོག་པའི་དབང་ཆ་ཐོབ་པ་བརྟེན། ལི་ཧྥུ་ལིན་གྱིས་ནང་བློན་ཁང་བསྐྱར་སྒྲིག་གི་དབང་ཆ་ནེ་ཐ་ཉི་ཡ་ཧུར་སྤྲད་ཡོད།

ནེ་ཐ་ཉི་ཡ་ཧུར་ནང་བློན་ཁང་བསྐྱར་སྒྲིག་གི་དབང་ཆ་ཐོབ་ཡོད་ཀྱང་། ཁོང་ལ་སྔར་བཞིན་ཟླ་བ་༤པར་ནང་བློན་ཁང་བསྐྱར་སྒྲིག་སྐབས་བྱུང་བའི་དཀའ་ངལ་འཕྲད་ཡོད། སྐབས་དེ་དུས། ཁོང་ལ་ནང་བློན་ཁང་བསྐྱར་སྒྲིག་ལ་ངེས་པར་དུ་ཚང་དགོས་པའི་གདན་ཐོབ་༦༡ཐོབ་ཆེད། རྒྱལ་སྲུང་པུའུ་ཀྲང་ཟུར་པ་ལི་པོ་མ་གྱིས་འགོ་ཁྲིད་པའི་གཡས་ཤོག་མི་སྐྱའི་སྲིད་ཏང་༼དབྱི་སི་རལ་ང་ཚོའི་ཁྱིམ་གཞིས་ཡིན་༽ཞེས་པ་དེ་གཡས་ཤོག་འཐབ་ཕྱོགས་ནང་བཅུག་དགོས་ཀྱི་ཡོད། འོན་ཀྱང་ཏང་དེ་དང་གཡས་ཤོག་གཅིག་པ་ཡིན་པའི་ཆོས་ལུགས་ཏང་ཤོག་དབར་༼ཆེས་ཐལ་དངོས་རྒྱུད་ཤོག་ཁག་ཡེའུ་ཐེ་ཆོད་དད་པས་དམག་སྐུལ་དང་ལེན་ ༽སྐོར་གྱི་གནད་དོན་ཐད་ངོས་འཛིན་གཅིག་མཐུན་བྱུང་མེད་པའི་སྟབས། ནེ་ཐ་ཉི་ཡ་ཧུས་ནང་བློན་ཁང་བསྐྱར་སྒྲིག་བྱེད་ཐུབ་མེད་པ་རེད།

ད་ཐེངས་ཀྱི་འདེམས་བསྐོའི་ཁྲོད། ༼དབྱི་སི་རལ་ང་ཚོའི་ཁྱིམ་གཞིས་ཡིན་༽ཞེས་པའི་སྲིད་ཏང་ལ་གདན་ཐོབ་༨རག་ཏེ། ཆེས་ཉུང་ཤས་ཀྱི་སྲིད་ཏང་གཙོ་བོར་གྱུར་ཡོད། འོན་ཀྱང་ད་ཐེངས་ལི་པོ་མན་གྱི་ལངས་ཕྱོགས་ནི་སྔོ་དཀར་ཏང་དང་། ལི་ཁུ་སྡེ་ཚོགས་པ། དེ་བཞིན་ ༼དབྱི་སི་རལ་ང་ཚོའི་ཁྱིམ་གཞིས་ཡིན་༽ཞེས་པའི་སྲིད་ཏང་བཅས་ལས་གྲུབ་པའི་ཏང་གསུམ་མཉམ་འབྲེལ་སྲིད་ཏང་ལ་རྒྱབ་སྐྱོར་བྱས་པ་ལས། མཉམ་འབྲེལ་སྲིད་ཏང་གཞན་གང་རུང་ལ་མོས་མཐུན་བྱེད་ཀྱི་མེད།

འོན་ཀྱང་དབྱེ་ཞིབ་པས། ཏང་ཤོག་ཁག་གི་ལངས་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་འདུམ་སྒྲིག་བྱ་ཐབས་བྲལ་བའི་འགལ་ཟླ་དང་ཕྱོགས་འགལ་གནས་པའི་རྐྱེན་གྱིས། གལ་ཏེ་ཕྱོགས་གཅིག་གིས་ཕྱིར་བཤོལ་མ་བྱས་ཚེ། ནེ་ཐ་ཉི་ཡ་ཧུའུ་དང་ཀན་ཚེ་སུ་ཡིན་ནའང་། ནང་བློན་ཁང་བསྐྱར་སྒྲིག་བདེ་བླག་བྱེད་དགོས་བསམ་པ་དང་རང་ཉིད་ཀྱི་གཙོ་ཁྲིད་བྱེད་པའི་སྲིད་གཞུང་འཛུགས་དགོས་བསམ་པ་དཀའ་ལས་ཆེན་པོ་ཡིན་པ་དང་། འདེམས་བསྐོ་གསུམ་པ་བྱེད་དགོས་པའི་ཉེན་ཁ་ཧ་ཅང་ཆེ་བ་བསྟན་འདུག

གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཐོག འདེམས་བསྐོ་ཐེངས་གསུམ་པ་བྱེད་པར་ཆ་བཞག་ནའང་། གནད་དོན་གཅིག་པ་ད་དུང་འཕྲད་སྲིད། ནང་བློན་ཁང་བསྐྱར་སྒྲིག་མི་ཐུབ་པར་ལུས་ན། དབྱི་སི་རལ་ཡང་སྐོར་བསྐྱར་སྐོར་གྱི་ཆབ་སྲིད་ཀྱི་རྫབ་དོང་ནང་ནས་དོན་མི་ཐུབ་པའི་ངོས་འཛིན་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有