ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་མཉམ་ལས་ཀྱི་འགོ་འཛུགས་ས་གསར་པ་བཏོད་པ།

2019-09-26 17:13:00     来源:     责编:sangjzm

རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། མཉམ་ལས་ཀྱི་མདུན་ལྗོངས་མཉམ་དུ་འཆར་འགོད་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་༡༦པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་དངོས་མང་འགྲེམས་ཚོགས་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་དེ་སྤྱི་ཚེས་༢༤ཉིན་ཀོང་ཞི་ནན་ཉིང་རུ་མཇུག་འགྲིལ་ཡོད་པ་རེད། ད་ལོ་ནི་སྤྱི་ལོ་༢༠༣༠ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འཐབ་ཇུས་རོགས་ལས་འབྲེལ་བའི་མདུན་ལྗོངས་ཞེས་པ་དོན་འཁྱོལ་བྱ་རྒྱུ་འགོ་བཙུགས་པའི་ལོ་ཡིན་ཞིང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འགྲེམས་ཚོགས་རིང་ད་དུང་གླེང་སྟེགས་དང་དཔལ་འབྱོར་ཉོ་ཚོང་བྱེད་སྒོ་རབ་དང་རིམ་པ་གཉེར་བས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

ཀྲུང་གོ་དང་ལོ་སིའི་མཐའ་མཚམས་སུ། བྱང་གི་འགག་སྒོ་མོ་ཏིང་ནས་འགོ་ཚུགས་ཤིང་། ལྷོ་ཡི་ལོ་སིའི་རྒྱལ་ས་ཝན་ཐེན་བར་གྱི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་སྐྲུན་བཞིན་ཡོད། དེ་ནི་ཀྲུང་གོས་མ་འཇོག་གཙོ་བོ་བྱས་ནས་འཛུགས་སྐྲུན་བྱས་པ་དང་། ཀྲུང་གོ་དང་ལོ་སིས་ཐུན་མོང་ཐོག་ལས་གཉེར་བྱས་པ་མ་ཟད། ཀྲུང་གོ་ལྕགས་ལམ་དྲ་བས་ཐད་ཀར་སྦྲེལ་མཐུད་ཤར་གཏོང་བྱེད་པའི་ཕྱི་ཁོངས་སུ་བསྐྲུན་པའི་ལྕགས་ལམ་རྣམ་གྲངས་ཤིག་ཡིན་ཞིང་། ལྕགས་ལམ་གྱི་ལམ་ཚད་ཧྲིལ་པོར་སྤྱི་ལེ་༤༠༠ལྷག་ཡོད་པ་དང་། འཆར་གཞི་ལྟར་ན་སྤྱི་ལོ་༢༠༢༡ལོར་བསྐྲུན་ཚར་གྱི་ཡོད། ཝན་ཐེན་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཞི་ཐི་ལ་སའེ་ཡིས། ལས་གྲྭ་དེ་མཇུག་སྒྲིལ་རྗེས་ལོ་སི་རྒྱལ་ཁབ་དེ་ཉིད་སྐམ་སའི་ཕྱི་ཕྱོགས་འབྲེལ་མཐུད་མེད་པའི་རྒྱལ་ཁབ་ནས་སྐམ་སའི་འབྲེལ་མཐུད་ཡོད་པའི་རྒྱལ་ཁབ་ལ་འགྱུར་རྒྱུ་རེད།

དེས་ལོ་སིའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པ་བསྐྲུན་རྒྱུ་དང་ཆབས་ཅིག ལོ་སི་རྒྱལ་ཁབ་དེ་ཉིད་སྔ་ཙམ་དབུལ་སྒྲོལ་ཐུབ་རྒྱུར་ཕན་ཐོགས་རྒྱུ་རེད་ཅེས་གསུངས་ཡོད།

ན་ནིང་སྤྱི་ཟླ་༡༡པའི་ནང་། སྤྱི་ལོ་༢༠༣༠ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མདུན་ལྗོངས་ཞེས་པ་དངོས་སུ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འབྲེལ་བའི་དུས་ཡུན་རིང་འབྲིང་གི་གོང་འཕེལ་འཆར་འགོད་རི་མོ་བྲིས་ཡོད་ལ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་པོ་ཚང་མས་ཀྲུང་གོའི་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད། སྐབས་འདིའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དངོས་མང་འགྲེམས་ཚོགས་ཐོག་ སྤྱི་ལོ་༢༠༣༠ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མདུན་ལྗོངས་ཞེས་པ་དོན་འཁྱོལ་བྱ་རྒྱུ་བརྗོད་དོན་གཙོ་བོར་བཟུང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། སྤྱི་ལོ་༢༠༢༥ལོའི་ཨེ་ཤ་ཡ་ཤར་ལྷོ་མཉམ་འབྲེལ་མཉམ་མཐུད་ཀྱི་སྤྱིའི་འཆར་འགོད་ཅེས་པའི་བར་གྱི་འབྲེལ་མཐུད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཁག་གི་གོང་འཕེལ་འཆར་འགོད་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུ་རེད།

ལོ་ངོ་༡༥གོང་དུ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དངོས་མང་འགྲེམས་ཚོགས་སྐབས་དང་པོ་ཀོང་ཞི་ནན་ཉིང་དུ་གཉེར་ཡོད། བཟའ་རིགས་དང་། ཞིང་ལས་ཐོན་རྫས། ལག་ཤེས་ཐོན་རྫས་སོགས་འགྲེམས་སྟོན་བྱ་རྒྱུ་དེ་དངོས་མང་འགྲེམས་ཚོགས་ཀྱི་གཙོ་གནད་ཡིན། ད་ཆ་ཀྲུང་གོའི་རིག་ནུས་མ་ལག་དང་། འཕྲུལ་འཁོར་སྒྲིག་ཆས། ནུས་རྒྱུ་གསར་པའི་ལག་རྩལ། རྒྱུ་ཆ་གསར་པ་སོགས་ཀྱི་འགྲེམས་ཁུལ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཁག་གི་ཁྱད་ལྡན་འགྲེམས་ཁུལ་དེ་ཉིད་དངོས་མང་འགྲེམས་ཚོགས་ཀྱི་གཙོ་གནད་དུ་གྱུར་ཡོད། འགྲེམས་ཚོགས་ནང་ཞུགས་མཁན་མི་སྣ་མི་ཉུང་བ་ཞིག་གིས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་ཐོན་ནུས་དང་། གྲངས་གཞིའི་དཔལ་འབྱོར། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོང་འཕེལ་གཏོང་གཞི་ཆེན་པོ་ཡོད་པའི་ངོས་འཛིན་གནང་ཡོད། སང་ལོ་ཏག་ཏག་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་གྲངས་གཞིའི་དཔལ་འབྱོར་གྱི་མཉམ་ལས་ལོ་ཡིན། གློག་རྡུལ་ཚོང་དོན་དང་། གྲངས་གཞིའི་ཉོ་ཚོང་། 5Gདྲ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ཡངས་པོ་ཡོད་པ་རེད།

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་མང་ཚོགས་བར་གྱི་འགྲོ་འོང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དེ་ཉིད་ཀྲུང་གོའི་ཡུལ་སྐོར་བྱ་ཡུལ་ཆེ་ཤོས་ལ་གྱུར་ཡོད། སྤྱི་ལོ་༢༠༡༨ལོར་ཕྱོགས་གཉིས་པོའི་མི་སྣའི་འགྲོ་འོང་དེ་མི་ཐེངས་བྱེ་བ་༥དང་ས་ཡ་༧ལ་སླེབས་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཁག་བར་གཟའ་འཁོར་རེར་གནམ་གྲུ་འགྲོ་འོང་ཐེངས་༤༠༠༠ལྷག་བྱས་ཡོད།

ཕྱོགས་གཉིས་པོའི་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། རིག་མཛོད། གཞོན་ནུ། ལུས་རྩལ་སོགས་ཐད་ཀྱི་སྤེལ་རེས་ཀྱང་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་ནང་། ཀོང་ཞི་དེ་ཉིད་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་རིག་གནས་སྤེལ་རེས་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་བ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་སློབ་མ་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་རྒྱུར་ཡིད་འགུག་བྱེད་བཞིན་ཡོད། འབྲེལ་ཡོད་གྲངས་གཞི་ལས་མངོན་པར། སྤྱི་ལོ་༢༠༡༨ལོར། ཀོང་ཞི་ཡི་མཐོ་སློབ་ཁག་ནང་སློབ་སྦྱོང་དུ་ཡོང་མཁན་ཕྱི་རྒྱལ་སློབ་མའི་གྲངས་འབོར་དེ་༡ཁྲི་༥སྟོང་ཟིན་པ་དང་། དེའི་ཁྲོད་དུ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ནས་ཡོང་བའི་སློབ་མ་༩༠༠༠ལྷག་ཟིན་ནས། ཀོང་ཞི་དེ་ཉིད་རྒྱལ་ཡོངས་སུ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་སློབ་མ་བསྡུ་མང་ཤོས་ཀྱི་ཞིང་ཆེན་གྲས་སུ་གྱུར་ཡོད།

ཐེངས་འདིའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་དངོས་མང་འགྲེམས་ཚོགས་ནང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་ལས་རིགས་སློབ་གྲྭ་དང་ཁེ་ལས་ཁག་ཅིག་གིས། མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་གྲངས་གཞིའི་དཔལ་འབྱོར་མཐུན་སྦྱོར་གསར་སྐྲུན་ལྟེ་གནས་ནན་ཉིང་དུ་བཙུགས་ཤིང་། ཀྲུང་གོ་སློབ་གསོའི་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་དང་། མ་ལེ་ཞི་ཡ་མི་ཤུགས་ཐོན་ཁུངས་པུས་མཉམ་ལས་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་ཡོད།

ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་སྨྱན་སྦྱོར་སྤེལ་རེས་ལོ་རེད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རླུང་འཕྲིན་བརྙན་འཕྲིན་དང་སྨྱན་སྦྱོར་གསར་པའི་གླེང་སྟེགས་དང་། བརྙན་འཕྲིན་ཉོ་ཚོང་ཚོགས་འདུའི་ཐོག ཀྲུང་གོའི་སྨྱན་སྦྱོར་ལས་རིགས་ཀྱིས། ཧིན་རྡུ་ཉི་ཞི་ཡ་དང་། ཧྥེ་ལི་ཕིན། སེང་ཀ་ཕོར་བཅས་ཀྱི་སྨྱན་སྦྱོར་ལས་ཁུངས་དང་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་དྲ་བའི་བལྟ་ཉན་ཐོན་ལས་བརྟེན་གཞིའི་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་འགོ་བཙུགས་ཡོད། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཕྱོགས་གཉིས་པོའི་མཛའ་ཤེས་གཏིང་ཟབ་ཏུ་ཕྱིན་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འབྲེལ་བ་ཕྱོགས་ཡོངས་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有