དྲག་ཤུགས་བྱ་སྤྱོད་བཟོད་སྒོམ་བྱེད་ཐབས་བྲལ་བ་དང་། ཕྱི་རྒྱལ་གྱི་མི་སྣས་ཆད་པ་ནན་པོ་གཅོད་དགོས་པའི་འབོད་སྐུལ་བྱེད་པ།
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར་ཤང་ཀང་ལ་དྲག་ཤུགས་དོན་རྐྱེན་བསྟུད་མར་ཐོན་པ་དང་། ཐལ་སྐྱོད་རྔམ་སྟོན་པ་ཁག་ཅིག་གིས་ཤང་ཀང་གི་གནམ་ཐང་ལས་དོན་སྤེལ་མི་ཐུབ་པ་དང་། འགྲིམ་འགྲུལ་འགག་པ། ཚོང་ཁང་སྒོ་རྒྱག་དགོས་པ་བཅས་བཟོས་ཡོད་པས། ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་དང་སྤྱི་ཚོགས་དཔལ་འབྱོར་གྱི་དར་རྒྱས་གོང་འཕེལ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་ལས་རིགས་ཀྱི་མི་སྣ་དང་རིགས་གཅིག་མཁས་པ་ཁག་ཅིག་གིས་དོན་དེའི་ཐད་རྒོལ་གཏམ་དྲག་པོ་བཏང་ཡོད་པ་དང་། རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་གཏུམ་སྤྱོད་དེ་རིགས་ལ་བཟོད་སྒོམ་བྱེད་ཐབས་བྲལ་ཡོད་པ་དང་། གཏུམ་སྤྱོད་པར་ཕྲལ་དུ་དགོས་ངེས་ཀྱི་ཆད་པ་གཅོད་དགོས་ཞེས་བསྟན་ཡོད།

ཀེ་རུ་ཅི་ཡའི་ཉིན་རེའི་གསར་འགྱུར་དྲ་བ་ཞེས་པའི་རྩོམ་སྒྲིག་པ་ཨ་ཧྥུ་ཐན་ཏི་ཨར་གྱིས། རིམ་བཞིན་ཚབས་ཆེར་འགྲོ་བའི་དྲག་ཤུགས་བྱེད་སྒོ་དེས་ཤང་ཀང་གི་ཁྲིམས་སྐྱོང་དང་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་རྒྱུ་དང་། ཤང་ཀང་གི་དཔལ་འབྱོར་དང་དམངས་འཚོར་ཤུགས་རྐྱེན་བཟོ་རྒྱུ་ཡིན། རྔམ་སྟོན་པས་ཉེན་རྟོག་པ་དང་གསར་འགོད་པར་འཇབ་རྒོལ་བྱས་པ་དང་། རྒྱལ་དར་གྱི་ལ་རྒྱ་རྡོག་རོལ་བཏང་བ། གནམ་ཐང་གི་རྒྱུན་ལྡན་ཁོར་རྒྱུག་སྒྲིག་སྲོལ་ཟང་ཟིང་བཟོས་པ་བཅས་ཀྱི་དྲག་ཤུགས་བྱ་སྤྱོད་དེ་དག་ནི་ཞི་བའི་ངང་རེ་ཞུ་བྱེད་པའི་མ་མཐའི་ཚད་གཞི་ལས་བརྒལ་བ་ཞིག་ཡིན་པས། འཛམ་གླིང་ཐོག་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་བཟོད་སྒོམ་བྱེད་ཐབས་བྲལ་བའི་ཁྲིམས་འགལ་བྱ་སྤྱོད་ཡིན་པའི་ངོས་འཛིན་གནང་བ་དང་། ཁོང་གིས། དྲག་ཤུགས་ལ་བཀག་འགོག་མི་བྱེད་པ་ནི་ཉེས་བསགས་རྒྱ་ཡན་དུ་བཏང་བ་ཞིག་ཡིན་པས། གཏུམ་སྤྱོད་པས་ཕྲལ་དུ་ཁྲིམས་ལུགས་ཀྱི་འདྲི་གཅོད་དང་ལེན་བྱེད་དགོས་ཞེས་བསྟན་ཡོད།

ཅིར་ཅི་སི་སི་ཐན་རང་ཚུགས་ཆབ་སྲིད་དབྱེ་ཞིབ་མཁས་པ་ཨེ་ཏི་ཨར་གྱིས་ཤང་ཀང་གནམ་ཐང་གི་རྒྱུན་ལྡན་སྒྲིག་སྲོལ་ཟང་ཟིང་བཟོ་བའི་དྲག་ཤུགས་བྱ་སྤྱོད་ལ་ཁ་རྡུང་བཏང་བ་དང་། ཁོང་གིས། མི་དེ་དག་གིས་སྒྲིག་འཛུགས་ཡོད་པའི་ངང་དྲག་ཤུགས་ལ་བརྟེན་ནས་ཁྲིམས་འཛིན་མི་སྣར་འགོག་རྒོལ་བྱས་ཡོད་པས། ཀྲུང་གོའི་ནང་སྲིད་ལ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱས་པ་མཐོང་ཐུབ་ཅེས་བསྟན་ཡོད།

ནེ་པ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་མ་ཏའན་གྱིས། ཤང་ཀང་དུ་དྲག་ཤུགས་སྤྱོད་མཁན་རྔམ་སྟོན་པའི་དམིགས་ཡུལ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་ཡིན། ཁོ་པ་ཚོའི་རེ་བ་ནི་ཤང་ཀང་དེ་ཉིད་འཛམ་གླིང་དངུལ་རྩའི་ལྟེ་གནས་ཡིན་པའི་གནས་བབ་ལ་གཏོར་བཤིག་གཏོང་རྒྱུ་དེ་ཡིན། ཁོ་པ་ཚོའི་བྱ་སྤྱོད་ནི་ནུབ་ཕྱོགས་ཆབ་སྲིད་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཉེས་བསགས་བྱེད་སྒོ་ཞིག་ཡིན་ཞེས་བསྟན་ཡོད།

ནེ་ཀྲེ་རི་ཡའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲའར་སིས། ཉེ་ཆར་ཤང་ཀང་གི་ཐལ་སྐྱོད་པ་ཁག་ཅིག་གི་བྱ་སྤྱོད་ནི་ཐལ་དྲགས་པ་འགྱུར་བཞིན་ཡོད་པ་དང་། ཁོ་པ་ཚོས་ཤང་ཀང་གི་གཟུགས་བརྙན་ལ་གང་བྱུང་དུ་རྡོག་རོལ་བཏང་བ་དང་། ཁོ་པ་ཚོའི་གཏོར་བཤིག་རང་བཞིན་དང་དྲག་ཤུགས་ཀྱི་འགོག་རྒོལ་བྱེད་སྒོ་དེས་ཤང་ཀང་གི་རྨང་གཞིར་ཕོག་ཐུག་ཆེན་པོ་བཏང་ཡོད་ལ། ཤང་ཀང་གི་འབྱུང་འགྱུར་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་ཅེས་བསྟན་ཡོད།

ཁན་ནི་ཡའི་ཧྲེང་པའོ་ལོའོ་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཨའེ་ཏེ་ཧྭ་ཡིས། ཉེ་ཆར་རིམ་བཞིན་ཚབས་ཆེར་ཕྱིན་པའི་ཤང་ཀང་གི་དྲག་ཤུགས་དོན་རྐྱེན་ནི་ཞི་བའི་འགོག་རྒོལ་གྱི་ཁྱབ་ཁོངས་ལས་བརྒལ་ཡོད་པས། ཁྲིམས་འགལ་བར་ཁྲིམས་ལུགས་ཀྱི་ཁྲུན་ཐག་གཅོད་དགོས། གལ་སྲིད་སྒྲིག་སྲོལ་མེད་པའི་གནས་བབ་དེ་རྒྱུན་འཁྱོངས་བྱས་ཚེ། རྒྱལ་སྤྱིའི་མ་འཇོག་བྱེད་མཁན་གྱི་སེམས་ཤུགས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་། ཤང་ཀང་དེ་ཉིད་ཨ་ཤེ་ཡ་དང་ཐ་ན་འཛམ་གླིང་དངུལ་རྩའི་ལྟེ་གནས་ཡིན་པའི་ངོས་ནས། སླད་ཕྱིན་གྱི་གོང་འཕེལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པས། དེ་ཤང་ཀང་གི་གྲོང་མི་ཡོངས་ཀྱི་ངོས་ནས་བརྗོད་ན། གྱོང་གུན་ཆེན་པོ་ཞིག་ཡིན་ཞེས་བསྟན་ཡོད།

ཨབ་ཀ་ནི་སི་ཐན་འཛུགས་བསྐྲུན་ཞེས་པའི་གཟའ་འཁོར་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཏ་ནའེ་ཧྲི་ཀྲུའུ་ཡིས། འགོག་རྒོལ་མཁན་གྱི་དྲག་ཤུགས་བྱ་སྤྱོད་ལ་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དེ་ལྟ་བུའི་ཐེ་ཇུས་བྱེད་པའི་བྱ་སྤྱོད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་ཡོད། བཙན་དབང་རྒྱལ་ཁབ་ནི་ཤང་ཀང་འགོག་རྒོལ་བྱེད་སྒོའི་རྒྱབ་ཕྱོགས་ཀྱི་ངན་སྐུལ་པ་ཡིན་པ་དང་། དམིགས་ཡུལ་ནི་ཤང་ཀང་གི་དངུལ་རྩའི་ལྟེ་གནས་ལ་མ་འཇོག་བྱ་རྒྱུར་གཏོར་བཤིག་གཏོང་རྒྱུ་དེ་ཡིན་པ་མ་ཟད། ཀྲུང་གོའི་བརྟན་ལྷིང་ལ་གཏོར་བཤིག་གཏོང་རྒྱུ་དེ་ཡིན་ཞེས་དང་། ཁོང་གིས་ཨ་རིས་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་ཕྱིན་པར་སེམས་ཁྲལ་བྱེད་ཀྱི་ཡོད་པས། ནུས་ཤུགས་གང་ཡོད་ཀྱིས་ཀྲུང་གོའི་ཁྱབ་ཁོངས་ཁག་གི་གོང་འཕེལ་ལ་གཏོར་བཤིག་གཏོང་གི་ཡོད་པའི་ངོས་འཛིན་གནང་བ་དང་། ཁོང་གིས་ཀྲུང་གོའི་སྲིད་གཞུང་གིས་བཟོད་སྒོམ་བྱེད་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཧྥ་རན་སིའི་བུད་མེད་རྩོམ་པ་པོ། ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་པ་པུའུ་ལེ་སི་ལའེ་ཡིས། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱས་ཏེ་ཁོ་པ་ཚོའི་ཤུགས་རྐྱེན་ཆེ་རུ་གཏོང་བ་ནི་ཚོན་དོག་ཅན་གྱི་གསར་བརྗེ་ཞེས་པས་རྟག་ཏུ་སྤྱོད་པའི་གཡོ་ཐབས་ཤིག་རེད། ཤང་ཀང་ན་གཞོན་ཁག་ཅིག་ནུབ་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་ཀྲུང་གོར་ཤུགས་རྐྱེན་ཆེ་རུ་གཏོང་བའི་ལག་ཆ་ལྟ་བུར་གྱུར་ཡོད་ཅིང་། ཀྲུང་གོར་བརྟན་པོ་མེད་པའི་རྒྱུ་རྐྱེན་བཟོ་རུ་བཅུག་གི་ཡོད་པའི་ངོས་འཛིན་གནང་ཡོད།

པོ་ཧེ་ཡི་ཆབ་སྲིད་ཀྱི་དཔྱད་གླེང་མཁས་པ་པོ་ལི་ཆིས། ཤང་ཀང་ནི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཡིན་པ་དང་། ཤར་ཕྱོགས་ཀྱི་འོད་སྣང་འཚེར་བའི་མུ་ཏིག་ཅིག་ཡིན། དྲག་ཤུགས་བྱ་སྤྱོད་ཀྱིས་མཛེས་སྡུག་ལྡན་པའི་མུ་ཏིག་དེར་ཐལ་རྡུལ་གཡོགས་ཡོད། གལ་ཏེ་མུ་མཐུད་དེ་འདྲ་བྱས་ཚེ། མི་རྣམས་ཡིད་སྐྱོ་དགོས་པའི་མཇུག་འབྲས་ཐོན་རྒྱུ་ལས་མེད། ཤང་ཀང་གི་ཕྱོགས་ཁག་དང་། ལྷག་པར་དུ་ན་གཞོན་ཚོས་ཤང་ཀང་ལ་གཅེས་འཛིན་བྱེད་རྒྱུའི་རེ་བ་ཡོད། ཁོང་ཚོས་དགེ་མཚན་ལྡན་པའི་སེམས་པའི་ཁྱེར་བཟོའི་ཐོག་ནས་ཤང་ཀང་གི་བྱ་དོན་ནང་ཞུགས་ཚེ། གཞི་ནས་ཤང་ཀང་ལ་སྔར་བས་ཡག་པའི་མ་འོངས་པ་ཞིག་ཡོང་ཐུབ་པའི་ངོས་འཛིན་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།