ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་འབྲེལ་བ་སྡུག་ཏུ་ཕྱིན་པ།
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་ཆིང་ཝ་ཐའེ་ཡི་རྒྱལ་ཁབ་བདེ་སྲུང་ཁང་གི་དཔོན་པོ་གཞོན་པ་དང་པོ་ཅིན་ཡའུ་ཀེན་གྱིས་སྤྱི་ཚེས23ཉིན་གསར་འགོད་པའི་ཚོགས་འདུའི་ཐོག ལྷོ་ཁོ་རེ་ཡས་༼ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་དམག་དོན་གསང་འཕྲིན་སྲུང་སྐྱོབ་ཆོད་ཡིག་༽ཅེས་པ་དེར་བསྟུད་མཆན་འགོད་རྒྱུ་མིན་ཞེས་གསུངས་འདུག

དབྱེ་ཞིབ་པས་བསྟན་པར། ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་དཔལ་འབྱོར་ཉོ་ཚོང་གི་རྩོད་རྙོག་ཞི་ལྷོད་དུ་ཕྱིན་མེད་པའི་གནས་ཚུལ་འོག ཆོད་ཡིག་དེ་ལག་བསྟར་མཚམས་འཇོག་བྱས་པ་དེས་རྐྱེན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་རྒྱུ་རེད། དེས་རྐྱེན་པས་ཨ་རི་དང་ལྗར་པན། ལྷོ་ཁོ་རེ་ཡ་བཅས་ཀྱི་བདེ་སྲུང་མཉམ་ལས་དང་། དེ་བཞིན་ཨ་རི་དང་ལྷོ་ཁོ་རེ་ཡའི་མནའ་འབྲེལ་འབྲེལ་བར་ཡང་མ་འོངས་པར་འགྱུར་ལྡོག་གང་འདྲ་འགྲོ་མིན་ཐད་ད་དུང་ལྟ་ཞིབ་བྱེད་དགོས་ཀྱི་ཡོད་པ་རེད།

ཅིན་ཡའུ་ཀེན་གྱིས། ལྷོ་ཁོ་རེ་ཡས་ལྗར་པན་སྲིད་གཞུང་གིས་ཟླ་བ་འདིའི་ཟླ་མགོར་དཔང་རྟགས་ཁ་གསལ་མེད་པའི་གནས་ཚུལ་འོག ལྷོ་ཁོ་རེ་ཡ་དང་ལྗར་པན་བར་གྱི་ཕན་ཚུན་ཡིད་རྟོན་ལ་གནོད་འཚེ་ཕོག་པའི་རྐྱེན་ལས་བྱུང་བའི་བདེ་སྲུང་གནད་དོན་རྒྱུ་མཚན་དུ་བྱས་ནས། ལྷོ་ཁོ་རེ་ཡ་དེ་ཉིད་ལྗར་པན་གྱི་ཉོ་ཚོང་གསལ་ཐོ་དཀར་པོའི་ནང་ནས་ཕྱིར་འབུད་བྱས་པ་དང་། རྒྱུ་མཚན་དེས་རྐྱེན་པས་རྒྱལ་ཁབ་གཉིས་པོའི་བདེ་སྲུང་མཉམ་ལས་ཁོར་ཡུག་ལ་འགྱུར་བ་ཆེན་པོ་ཕྱིན་པ་དང་། དེར་བརྟེན་བདེ་འཇགས་སྲུང་སྐྱོབ་ཐད་ཀྱི་ཚོར་སྣང་སྐྱེན་པའི་དམག་དོན་གསང་འཕྲིན་བརྗེ་རེས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཆོད་ཡིག་ལ་བསྟུད་མཆན་འགོད་རྒྱུ་དེ་་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་འཚམས་པས། ལྷོ་ཁོ་རེ་ཡས་ཆོད་ཡིག་དེའི་གཏན་འཁེལ་བྱས་པའི་དུས་བཀག་ནང་། ཕྱི་འབྲེལ་གྱི་བྱ་ཐབས་སྤྱད་ནས་ལྗར་པན་ལ་ཆོད་ཡིག་དེར་བསྟུད་མཆན་འགོད་རྒྱུ་མིན་པའི་བརྡ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག

ལྷོ་ཁོ་རེ་ཡ་དང་ལྗར་པན་གྱིས་སྤྱི་ལོ2016ལོའི་ཟླ་11པའི་ཚེས23ཉིན་ཆོད་ཡིག་དེར་དངོས་སུ་མིང་རྟགས་བཀོད་པ་དང་། གོ་ཆོད་དུས་ཡུན་ལོ་གཅིག་ཡིན་ཞིང་། ཕྱོགས་གཅིག་གིས་ངོ་རྒོལ་བྱས་ན་མ་གཏོགས་དུས་བཀག་ཐིམ་རྗེས་རང་འགུལ་གྱིས་དུས་ཚོད་ནར་འགྱངས་བྱེད་ཀྱི་ཡོད། གལ་སྲིད་ཕྱོགས་གཅིག་གིས་དེར་བསྟུད་མཆན་འགོད་མ་འདོད་ཚེ། ཉིན90ཡི་གོང་སྟེ། ལོ་ལྟར་གྱི་སྤྱི་ཟླ8པའི་ཚེས24ཉིན་གྱི་གོང་དུ་ཕྱོགས་གཞན་དེར་ཆོད་ཡིག་དེ་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་བརྡ་གཏོང་དགོས་ཀྱི་ཡོད།

ལྷོ་ཁོ་རེ་ཡའི་དམངས་འདོད་བརྟག་དཔྱད་ལས་ཁུངས་དངོས་འབྲེལ་རྩིས་ཆས་ཀུང་སི་ཞེས་པ་དེས་ཟླ་བ་8པའི་ཟླ་སྟོད་དུ་བརྟག་དཔྱད་མཇུག་འབྲས་ཤིག་སྤེལ་བའི་ནང་། ཆོད་ཡིག་དེར་བསྟུད་མཆན་འགོད་རྒྱུར་ངོ་རྒོལ་བྱེད་མཁན་གྱིས་བརྒྱ་ཆ47.7ཟིན་པ་དང་། བསྟུད་མཆན་འགོད་རྒྱུར་རྒྱབ་སྐྱོར་བྱེད་མཁན་གྱིས་བརྒྱ་ཆ39.3ཟིན་གྱི་ཡོད་པ་རེད། ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ནང་། ཡར་རྒྱས་ཏང་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་དང་ལོ་ན་30ནས་59བར་གྱི་མི་ཚོགས་ཁྲོད། བསྟུད་མཆན་འགོད་རྒྱུར་ངོ་རྒོལ་བྱེད་མཁན་མང་བ་ཡོད་པ་དང་། སྲུང་འཛིན་ཏང་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་དང་། ལོ་ན་20ནས་29བར་གྱི་མི་ཚོགས་ཁྲོད་བསྟུད་མཆན་འགོད་རྒྱུར་རྒྱབ་སྐྱོར་བྱེད་མཁན་མང་བ་ཡོད་པ་རེད།

ཡིན་ནའང་ལྷོ་ཁོ་རེ་ཡ་ཕྱོགས་ཀྱི་རྣམ་འགྱུར་དེས་བརྐྱང་སྐུམ་བྱེད་ས་བཞག་ཡོད་དེ། ཙུང་ཐུང་ལས་ཤག་གིས་སྤྱི་ཚེས23ཉིན་ལྷོ་ཁོ་རེ་ཡས་ཆོད་ཡིག་དེ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་པ་ལས་ཆོད་ཡིག་དེ་རྩ་བ་ནས་མེད་པ་བཟོ་རྒྱུ་ཡིན་ཞེས་བཤད་མེད། གལ་སྲིད་ལྗར་པན་ཕྱོགས་ནས་ལུགས་དང་མི་མཐུན་པའི་འཁོན་ལན་སློག་པའི་བྱ་ཐབས་ཕྱིར་འཐེན་བྱས་ན། ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སླར་གསོ་ཐུབ་རྒྱུ་དང་། ཆོད་ཡིག་དེ་ཚུད་པའི་བྱ་ཐབས་སྣ་ཚོགས་ཐད་བསྐྱར་དུ་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད།

ལྷོ་ཁོ་རེ་ཡས་ཆོད་ཡིག་དེར་བསྟུད་མཆན་འགོད་རྒྱུ་མིན་པའི་སྐོར་གྱི་བརྡ་འབྱོར་རྗེས། ལྗར་པན་གྱི་ཕྱི་དོན་བློན་ཆེན་ཧོ་ཡེ་ཐའེ་ལང་གིས་སྤྱི་ཚེས22ཉིན་ལྗར་པན་དུ་བཅའ་སྡོད་ལྷོ་ཁོ་རེ་ཡའི་གཞུང་ཚབ་ཆེན་མོ་ནན་ཀོན་ཧྲའོ་བསྐོངས་ནས་ལྷོ་ཁོ་རེ་ཡའི་བྱེད་སྟངས་དེར་ངོ་རྒོལ་བྱས་འདུག ཧོ་ཡེ་ནས། ལྷོ་ཁོ་རེ་ཡའི་གཏན་འབེབ་དེ་ནི་མིག་སྔའི་ས་ཁུལ་གྱི་བདེ་འཇགས་འགན་སྲུང་ཁོར་ཡུག་ལ་གོ་བ་ལོག་པ་བླངས་པ་ཞིག་ཡིན་པས་ཁོང་དེར་བློ་ཕམ་བྱུང་ཞེས་དང་། ཁོང་གིས། ལྷོ་ཁོ་རེ་ཡས་ཆོད་ཡིག་དེར་བསྟུད་མཆན་མི་འགོད་པ་ནི་ལྗར་པན་གྱིས་ལྷོ་ཁོ་རེ་ཡར་ཚོང་ཟོག་ཕྱིར་གཏོང་བྱེད་པའི་དོ་དམ་ཚོད་འཛིན་ཤུགས་ཆེར་བཏང་བའི་རྐྱེན་གྱིས་རེད། ཡིན་ནའང་དེ་གཉིས་ནི་ཕན་ཚུན་འབྲེལ་བ་མེད་པ་ཞིག་ཡིན། ལྗར་པན་གྱིས་རྒྱུ་མཚན་དེ་དང་ལེན་བྱེད་མི་སྲིད་ཅེས་གསུངས་འདུག

ལྷོ་ཁོ་རེ་ཡའི་རྒྱལ་བཙུགས་ཕྱི་འབྲེལ་ཁང་གི་དགེ་རྒན་ཆེན་མོ་ཅིན་ཞན་ཤུད་ཀྱིས། ལྷོ་ཁོ་རེ་ཡ་སྲིད་གཞུང་གིས་ཆོད་ཡིག་ལག་བསྟར་བྱེད་མཚམས་འཇོག་པ་ནི་ལྗར་པན་སྲིད་གཞུང་ལ་གནོན་ཤུགས་སྤྲོད་པའི་བྱ་ཐབས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ལྗར་པན་གྱི་ཕྱིར་གཏོང་དོ་དམ་ཚོད་འཛིན་ཐད་ཀྱི་རྣམ་འགྱུར་ལ་འགྱུར་ལྡོག་གཏོང་ཆེད་ཡིན་པའི་ངོས་འཛིན་གནང་འདུག

དབྱེ་ཞིབ་པས་བསྟན་པར། ཆོད་ཡིག་དེ་ལག་བསྟར་བྱེད་མཚམས་འཇོག་པ་དེས་ཕྱོགས་གཅིག་ནས་ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་རྩོད་རྙོག་སྔར་བས་ཚབས་ཆེ་རུ་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ཨ་རི་དང་ལྗར་པན། ལྷོ་ཁོ་རེ་ཡ་བཅས་ཀྱི་དམག་དོན་མཉམ་ལས་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། ཨ་ཤེ་ཡའི་བྱང་ཤར་ཁུལ་གྱི་ཨ་རིའི་འཐབ་ཇུས་བཀོད་སྒྲིག་ལ་གཡོ་འགུལ་ཐེབས་རྒྱུ་ཡིན་པ་རེད།

ལྗར་པན་གྱིས་ཐོར་ཁེའུ་གསར་འགྱུར་ཞེས་པས་གནས་ཚུལ་སྤེལ་བའི་ནང་། ཆོད་ཡིག་དེས་རྐྱེན་པས་ལྗར་པན་དང་ལྷོ་ཁོ་རེ་ཡས་ཨ་རི་མ་བརྒྱུད་པར་ཐད་ཀར་དམག་དོན་གསང་འཕྲིན་བརྗེ་རེས་བྱས་ཆོག་པར་གྱུར་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཉིས་པོའི་བདེ་འཇགས་སྲུང་སྐྱོབ་མཉམ་ལས་ཀྱི་མཚོན་རྟགས་ཤིག་ཅེས་བཤད་འདུག ལྗར་པན་འགོག་སྲུང་པུའུ་ཡི་འབྲེལ་ཡོད་དཔོན་པོས། གལ་སྲིད་ལྗར་པན་དང་ལྷོ་ཁོ་རེ་ཡས་བར་དམག་དོན་གསང་འཕྲིན་མཉམ་སྤྱོད་བྱེད་སྐབས་ངེས་པར་དུ་ཨ་རི་བརྒྱུད་དགོས་ན་གསང་འཕྲིན་གྱི་དུས་ཚོད་ཕན་འབྲས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་དང་། རྒྱལ་ཁབ་གཉིས་པོས་གནད་དོན་འགའ་ཞིག་ཐད་འཕྲལ་དུ་ལན་ཆ་བྱེད་པའི་ནུས་པ་ཤོར་རྒྱུ་རེད་ཅེས་གསུངས་འདུག

རིགས་གཅིག་མཁས་པས་བསྟན་པར། ཐོག་མར་ལྷོ་ཁོ་རེ་ཡ་དང་ཨ་རིའི་གསང་འཕྲིན་མཉམ་ལས་སྐུལ་འདེད་གཏོང་མཁན་ནི་ཨ་རི་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཨ་རི་དང་ལྷོ་ཁོ་རེ་ཡ། ལྗར་པན་བཅས་རྒྱལ་ཁབ་གསུམ་གྱི་མནའ་གྲོགས་འབྲེལ་བ་འཛུགས་ཆེད་དང་། ཐ་ན་ཨ་ཤེ་ཡའི་དཔར་མའི་བྱང་ཆིངས་སྒྲིག་འཛུགས་ཤིག་བཙུགས་ནས་ཨ་ཤེ་ཡའི་བྱང་ཤར་ཁུལ་གྱི་ཨ་རིའི་བཙན་བདག་གོ་གནས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན། ཡིན་ནའང་ལྷོ་ཁོ་རེ་ཡས་ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་གསང་འཕྲིན་མཉམ་ལས་མཚམས་འཇོག་བྱས་ན་ཨ་རིའི་འཆར་གཞི་དེར་ཤུགས་རྐྱེན་ཐེབས་ངེས་རེད།

ཨ་རིའི་རྒྱལ་དོན་བློན་ཆེན་ཧྥོང་ཕེ་ཨའོ་ཡིས། ལྷོ་ཁོ་རེ་ཡས་ཆོད་ཡིག་ལ་བསྟུད་མཆན་འགོད་རྒྱུ་ཁས་མ་བླངས་པ་དེར་ཨ་རི་བློ་ཕམ་བྱུང་། ཨ་རིས་ལྗར་པན་དང་ལྷོ་ཁོ་རེ་ཡ་ཕྱོགས་ནས་མུ་མཐུད་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་འབྲེལ་བ་ཡང་དག་པའི་འཁོར་ལམ་ཐོག་བསྐྱར་ལོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། རྒྱལ་པོ།