རྒྱལ་སྤྱིའི་དཔྱད་གཏམ་འགོ་བརྗོད་དུ་ཨ་རིའི་མི་ཤས་ཀྱི་ཤང་ཀང་དང་འབྲེལ་བའི་སྨྱོ་ཧམ་ཆེ་བའི་གཏམ་སྤྱོད་ཀྱིས་བཟོས་པའི་འབྲས་བུ་ངན་པ་རང་ཉིད་ཀྱིས་ཁུར་དགོས་ཞེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། འདི་ག་རླུང་འཕྲིན་ལས་ཁུངས་ཀྱིས་སྤྱི་ཟླ་༨པའི་ཚེས་༢༡ཉིན་རྒྱལ་སྤྱིའི་དཔྱད་གཏམ་འགོ་བརྗོད་དུ། ཨ་རིའི་མི་ཁ་ཤས་ཀྱི་ཤང་ཀང་དང་འབྲེལ་བའི་སྨྱོ་ཧམ་ཆེ་བའི་གཏམ་སྤྱོད་ཀྱིས་བཟོས་པའི་འབྲས་བུ་ངན་པ་རང་ཉིད་ཀྱིས་ཁུར་དགོས་ཞེས་པ་སྤེལ་ཡོད་པ་རེད།

དཔྱད་གཏམ་ནང་། ཉེ་དུས། ཨི་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་གྲོས་དཔོན་སོགས་ཀྱིས་འུར་གཏམ་བསྒྲགས་ནས། ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཞེས་པར་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་དང་། ད་དུང་ཤང་ཀང་དམིགས་བསལ་ཁུལ་སྲིད་གཞུང་གིས་ཁྲིམས་སྐྱོང་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞིར་བརྩི་བཀུར་བྱ་རྒྱུ་དང་ལེན་བྱེད་ཀྱི་མིན་འདུག་ཅེས་སྐྱོན་འཛུགས་ཐེངས་མང་བྱས་ཡོད། སྐྱོན་འཛུགས་དེ་དག་བྱེད་པ་ནི་དོན་དངོས་དང་མི་མཐུན་པ་དང་། ཕྱོགས་ལྷུངས་དང་སྒྲོབ་ཉམས་ཀྱིས་ཁེངས་པ་ཞིག་ཡིན་པས། དེའི་རྒྱབ་ཕྱོགས་ནི་གཞན་ལ་བསྟན་ཐབས་མེད་པའི་ངན་ཇུས་ཡིན་ཞེས་འཁོད་ཡོད།

དཔྱད་གཏམ་ནང་། ཨ་རིའི་ཕྱོགས་ཀྱི་སྲིད་ཚོང་ཁ་ཤས་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཉུང་ཤས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་གཅིག་གྱུར་ལ་སྲུང་སྐྱོབ་དང་། ཤང་ཀང་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཆེའི་འདོད་འདུན་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ལ་ནོར་འཁྲུལ་ཅན་གྱི་བརྡར་གཅོད་དང་ཚོད་དཔག་དམའ་པོ་བྱེད་མི་རུང་། གལ་སྲིད་མི་ཤས་ཀྱིས་གོ་སྐབས་དེ་བེད་སྤྱད་ནས་ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་གཏོར་སྐྱོན་གཏོང་བ་མ་ཟད། ཤང་ཀང་ཟང་ཟིང་བཟོས་ནས་ཀྲུང་གོའི་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་ཐེ་ཇུས་བྱ་རྒྱུའི་རེ་ངན་བཅངས་ན་དེས་བཟོས་པའི་ངན་འབྲས་རང་ཉིད་ཀྱིས་འཁྱེར་དགོས་ཞེས་ནན་སྟོན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།