བྱང་ཁོ་རེ་ཡའི་ཕྱི་འབྲེལ་པུས་ཀྲུང་གོས་ཤང་ཀང་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་དང་བྱ་ཐབས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤྱི་ཚེས་༡༡ཉིན་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཁོ་རེ་ཡའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་དེ་ཉིན་བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། བྱང་ཁོ་རེ་ཡས་ཀྲུང་གོས་ཤང་ཀང་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་དང་བྱ་ཐབས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

རང་མིང་ཞིབ་ཕྲ་བསྟན་མེད་པའི་མགྲིན་ཚབ་པ་དེས། ཉེ་དུས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ཡིན་པའི་ཤང་ཀང་བྱ་དོན་ལ་ཐེ་ཇུས་བྱེད་རྩིས་བྱས་ནས། ཤང་ཀང་སྤྱི་ཚོགས་ཀྱི་བདེ་འཇགས་དང་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་། ཤང་ཀང་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་བཟོས་ཡོད། བྱང་ཁོ་རེ་ཡའི་ཕྱོགས་ནས་དེར་དོ་ཁུར་བྱེད་པ་མ་ཟད་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

མགྲིན་ཚབ་པ་དེས། བྱང་ཁོ་རེ་ཡའི་རྩ་དོན་དང་ལངས་ཕྱོགས་ནི། ཤང་ཀང་ནི་ཀྲུང་གོའི་ཤང་ཀང་ཡིན་པས། རྒྱལ་ཁབ་དང་། སྒྲིག་འཛུགས། མི་སྒེར་སོགས་གང་རུང་གིས་ཀྲུང་གོའི་བདག་དབང་དང་། བདེ་འཇགས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བཅས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ཁས་ལེན་བྱེད་ཀྱི་མེད། བྱང་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་། ཤང་ཀང་གི་དར་རྒྱས་བརྟན་ལྷིང་བཅས་ཀྱི་ཐད་འཛིན་པའི་ལངས་ཕྱོགས་དང་བྱ་ཐབས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།