སྣེ་མང་དང་འདྲ་མཉམ། ཁོག་ཡངས་བཅས་ནི་རྒྱལ་ཁོངས་ཕྱི་རོལ་གྱི་མི་སྣས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྟེགས་བུ་སྐྲུན་པར་འདེང་འཇོག་བཟང་པོ་བྱས་པ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་སྤྱི་ཟླ་5པའི་ཚེས་15ཉིན་པེ་ཅིན་དུ་ཚོགས་པ་དང་། ཤེས་དཔལ་ནི་སྤེལ་རེས་ཁྲོད་སྣེ་མང་དུ་འགྲོ་བ་དང་། ཤེས་དཔལ་ནི་ཕན་ཚུན་དཔྱད་གཞིར་འཛིན་ནས་སྣེ་མང་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད། ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གཉེར་བར་འདེང་འཇོག་མཐོ་པོ་གནང་ནས། ཚོགས་ཆེན་དེས་སྣེ་མང་དང་འདྲ་མཉམ། ཁོག་ཡངས་བཅས་ལ་སྐུལ་འདེད་གཏོང་བའི་ཤེས་དཔལ་ལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྟེགས་བུ་བསྐྲུན་པ་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འགུལ་ཤུགས་སུ་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ལོ་སིའི་རྒྱལ་བཙུགས་སློབ་ཆེན་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཞི་ཐེ་སའེ་ཡིས་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་ཤེས་དཔལ་སྣེ་ཁ་མང་བ་དང་། ཤེས་དཔལ་ཁག་དབར་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་ཆ་མང་པོ་ཡོད་པས། ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱིས་ཕན་ཚུན་ཤེས་རྟོགས་བྱེད་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད། ལོ་སིར་ཡང་མི་རིགས་མང་པོ་ཡོད། མི་རིགས་ཚང་མས་སྐད་ཡིག་དང་ཡུལ་སྐད་མི་འདྲ་བ་ཤོད་ཀྱི་ཡོད་པ་དང་། རང་ཉིད་ཀྱི་གོམས་སྲོལ་དང་སྲོལ་རྒྱུན། ཆོས་ལུགས་བཅས་ཡོད། ད་རེས་ཀྱི་སྤེལ་རེས་ཚོགས་ཆེན་ནི་འཛམ་གླིང་ཡོངས་ལ་ལོ་སིའི་རིག་གནས་འོས་སྦྱོར་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

ཕི་རུ་པིང་གི་གསར་འགྱུར་པུའུ་ཀྲང་མ་ཏིང་ཨན་ཏེ་ནའར་གྱིས། གནའ་བོའི་དར་གོས་ལམ་བུས་ཧྥེ་ལི་པིང་ཚུད་པའི་ལམ་རྒྱུད་རྒྱལ་ཁབ་ཁག་ཤེས་དཔལ་མཉམ་འདྲེས་དང་གོང་འཕེལ་ལ་སྐུལ་འདེད་ཐེབས་ཡོད། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་འོག་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་གོ་སྐབས་དེ་དེ་བས་དམ་འཛིན་བྱས་ནས་ཕན་ཚུན་ཤེས་རྟོགས་ལ་སྐུལ་འདེད་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་དེ་བས་སྣེ་མང་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་གནང་འདུག

ཧྥ་རན་སིའི་ཤང་པོའོ་སྦའོ་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ། རངས་ཏེ་ཨའོ་སུང་ཝིའར་གྱིས་རྒྱལ་ཁབ་ཁག་གི་རིག་གནས་ཧེ་བག་ནི་དོན་དངོས་ཐོག་གནས་ཡོད་པས། ཟམ་མི་ཆད་པར་སྤེལ་རེས་དང་སྐད་ཆ་བཤོད་རེས་བྱེད་པའི་དམིགས་ཡུལ་ནི། ཤེས་དཔལ་མི་འདྲ་བ་རྣམས་ཞི་མཐུན་མཉམ་གནས་ཐུབ་པ་བྱེད་རྒྱུ་དེ་རེད། ཧྥ་རན་སིས་འཛམ་གླིང་སྣེ་མང་ཅན་དང་རིག་གནས་གནས་བབ་འདྲ་མཉམ་ཡོང་བའི་རྩ་དོན། རིག་གནས་སྣེ་མང་རང་བཞིན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གཉེར་བ་དེ་ནི་དོན་ཆེན་ཞིག་ཡིན་པས་ཧྥ་རན་སིས་དེར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་བཞག

ཨ་རིའི་ཀོ་ལུན་པི་ཡ་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཨ་མུ་སི་ཐེ་ལང་གིས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་ཚོགས་རྒྱུར་རེ་འགུག་ཆེན་པོ་བྱེད་བཞིན་ཡོད་ཅེས་དང་། ཁོང་གིས་ཚོགས་ཞུགས་ཕྱོགས་ཁག་གིས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་མཉམ་སྤྱོད་བྱས་པའི་ལོ་རྒྱུས་དང་འབྱུང་རྩ། ཨེ་ཤ་ཡའི་རིག་གནས་ཀྱི་སྣེ་མང་རང་བཞིན། དེང་སྐབས་ཨེ་ཤ་ཡས་འཛམ་གླིང་དཔལ་འབྱོར་ལ་འཁྲིད་སྟོན་བྱེད་པའི་རྒྱབ་ལྗོངས་ཀྱི་འགུལ་ཤུགས་ཆེན་པོ། མིའི་རིགས་ཐུན་མོང་དར་རྒྱས་དང་མཉམ་ལས་ཀྱི་ལམ་བུ་གང་འདྲ་བྱས་ནས་འཚོལ་ཞིབ་བྱས་པ་སོགས་ཀྱི་སྐོར་ལ་དོ་སྣང་བྱེད་དགོས་པའི་གྲོས་འགོ་བཏོན་གནང་འདུག

འབར་མའི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་ཀོ་ཀོ་ལའེ་ཡིས། ད་ཐེངས་ཀྱི་སྤེལ་རེས་གྲོས་ཚོགས་ཀྱིས་ཨེ་ཤ་ཡའི་ཤེས་དཔལ་མི་འདྲ་བའི་བར་ཕན་ཚུན་བསམ་ཤེས་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་པ་དང་། དེས་མིག་སྔའི་གོ་བ་ལོག་སྒྲུབ་དང་ཡང་དག་མིན་པའི་ཆ་འཕྲིན་ལས་བྱུང་བའི་རྒྱལ་སྤྱིའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱ་རྒྱུར་རོགས་ཕན་ཡོང་ཐུབ། སྟེགས་བུ་དེ་བརྒྱུད་རྒྱལ་ཁབ་མི་འདྲ་བའི་བར་རྒྱུས་མངའ་ཟབ་ཏུ་འགྲོ་བ་དང་། མཛའ་གྲོགས་ལེགས་སུ་འགྲོ་བ། ཕན་ཚུན་བར་གྱི་མཉམ་ལས་ཀྱང་སྔར་བས་གཏིང་ཟབ་ཏུ་འགྲོ་ཐུབ་ཅེས་བསྟན་ཡོད་པ་རེད།

རྒྱ་གར་གྱི་རིག་གནས་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་ཞི་ཆན་དེ་ལས། ཤེས་དཔལ་ནི་སྔར་ནས་བཟུང་མིའི་རིགས་ཐུན་མོང་ལ་དབང་བ་ཞིག་ཡིན་པ་དང་། ཆབས་ཅིག་མིའི་རིགས་ཀྱི་ཡར་ཐོན་ཡང་ཤེས་དཔལ་གྱི་སྤེལ་རེས་ལ་བརྟེན་དགོས་ཀྱི་ཡོད། དེར་བརྟེན། ང་རང་ནས་ཀྲུང་གོས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གཉེར་བ་མཐོང་དུས་ཧ་ཅང་དགའ་པོ་བྱུང་། ཨེ་ཤ་ཡ་གླིང་གི་རྒྱལ་ཁབ་ཁག་གིས་གོ་སྐབས་དེ་དང་བསྟུན་ནས་ཤེས་དཔལ་སྤེལ་རེས་བྱེད་དགོས་པ་དང་། རྒྱལ་ཁབ་ཁག་བར་རིག་གནས་མི་འདྲ་བ་སྤེལ་རེས་ནུས་ལྡན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཀེ་རི་སིའི་ཙུང་ཐུང་ཕ་ཧྥུ་ལོ་ཕུ་ལོ་སིས། ལོ་མང་རིང་། ང་ཚོར་ལོ་རྒྱུས་ཀྱི་གཞི་འཛིན་ས་གང་ཡང་མེད་པའི་རིགས་གཞུང་གི་ཕོག་ཐུག་ཕོག་བཞིན་ཡོད་པ་དཔེར་ན། ཤེས་དཔལ་བར་གྱི་གདོང་ཐུག་ནི་འབྱུང་འགྱུར་གདོང་ཐུག་གི་གཙོ་ཁྲིད་མ་དཔེ་ཡིན་ཟེར་བའི་ཤེས་དཔལ་གདོང་ཐུག་སྨྲ་བ་ཞེས་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། གང་ཡིན་ཞེ་ན། ཤེས་དཔལ་ངོ་མའི་བར་གདོང་ཐུག་ཐོན་མི་སྲིད། ཤེས་དཔལ་ངོ་མའི་བར་སྐབས་རེ་ཕན་ཚུན་བར་གྱི་འབྲེལ་གཏུག་གམ་འབྲེལ་གཏུག་ཐབས་ལམ་མི་འདང་བའི་དབང་གིས་ཡིན། ང་ཚོས་ཐབས་ལམ་དེ་དག་བསྐྱར་གསོ་བྱེད་དགོས་པ་དང་། ང་ཚོས་ངེས་པར་དུ་འབྲེལ་གཏུག་དེ་རིགས་བསྐྱར་དུ་སླར་གསོ་བྱེད་དགོས། དེ་ནི་ཤེས་དཔལ་མི་འདྲ་བའི་བར་གྱི་སྤེལ་རེས་ཡིན་ཞེས་བསྟན་ཡོད་པ་རེད།

རྒྱ་གར་གྱི་ཉི་ཧོ་སློབ་ཆེན་གྱི་ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁུང་ཐེ་ཕ་ལིས། ཀྲུང་གོས་ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གཉེར་བ་དེས་དཔལ་འབྱོར་དང་སྤྱི་ཚོགས་ཐུན་མོང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡིན། དེས་མི་རྣམས་ཀྱིས་ཤེས་དཔལ་མི་འདྲ་བར་རྒྱུས་མངའ་ཐུབ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། སྤེལ་རེས་བྱས་པ་བརྒྱུད་གཉིས་ཕན་མཉམ་རྒྱལ་ཡོང་ཐུབ་ཅེས་དང་། ཁོང་གིས། ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གཉེར་བ་དེས་ཤེས་དཔལ་བར་གྱི་འབྲེལ་བ་སྔར་བས་བརྟན་དུ་འགྲོ་ཐུབ་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།