མཁྱེན་ལྡན་མ་སེ་ཅིན་ན། ཤེས་དཔལ་ལ་མཚན་ཤས་མ་བཟོ་ཞིག
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་རྒྱལ་དོན་ཁང་གི་སྲིད་ཇུས་འཆར་འགོད་བྱ་དོན་ཀྲུའུ་རེན་ཅི་ལུན•སེ་ཅིན་ན་ཡིས་ཉེ་དུས་མི་རྣམས་ཧང་སངས་དགོས་པའི་གཏམ་བཤད་ཅིག་སྤེལ་བ་དང་། གཏམ་བཤད་དེའི་ནང་ཨ་རི་དང་ཀྲུང་གོའི་བར་གྱི་གདོང་ཐུག་ནི་ཡོངས་སུ་མི་འདྲ་བའི་ཤེས་དཔལ་དང་གཅིག་མཚུངས་མིན་པའི་འདུ་ཤེས་འཛིན་སྟངས་བར་གྱི་འཐབ་རྩོད་རེད་ཅེས་བཤད་ཡོད། གཏམ་དེ་བཤད་རྗེས། ཨ་རིའི་རྒྱལ་ནང་དང་རྒྱལ་སྤྱིའི་གླེང་ཕྱོགས་ཐོག་ལན་ཆ་ཆེན་པོ་བྱུང་ཡོད། རྣམ་དཔྱོད་དང་ལྡན་པའི་མི་མང་པོས་སེ་ཅིན་ནའི་གཏམ་དེ་ནི་ཚུལ་འཆོས་ཀྱི་གཏམ་བཤད་ནས་གཞན་གྱིས་རང་ཉིད་ལ་དགའ་པོ་བྱས་ན་བསམ་པ་ཞིག་ཡིན་པ་དང་། དེས་ཤེས་དཔལ་ལ་མཚན་ཤས་བཟོས་ཡོད་ཅིང་། ཨ་རིའི་སྲིད་གཞུང་དང་རིགས་གཞུང་ལས་རིགས་ཁ་སྐྱེངས་པོ་བཟོས་ཡོད་ལ། ཨ་རིའི་རྒྱལ་དོན་ཁང་ཡང་དེས་རྐྱེན་པས་རྒྱལ་སྤྱིའི་ཐོག་ཀུན་གྱིས་འཕྱ་སྨོད་བྱ་ཡུལ་དུ་གྱུར་ཡོད་ཅེས་གསུངས་འདུག

ཅི་ལུན•སེ་ཅིན་ན།

སེ་ཅིན་ནས། ཨ་རི་དང་ཀྲུང་གོའི་འགྲན་རྩོད་འདི་ལྟ་བུས་ཤེས་དཔལ་བར་གྱི་གདོང་ཐུག་ཆེན་པོ་ཞིག་མཚོན་གྱི་ཡོད་ཅེས་བཤད་ཡོད། གཏམ་དེ་ལྟ་བུ་སྨྲ་ཕོད་པ་དེའི་ཐོག་ནས་རང་ཉིད་བླུན་རྨོངས་ཡིན་པ་ར་སྤྲོད་བྱས་ཡོད། སེ་ཅིན་ནའི་གཞི་འཛིན་ས་ནི་ཧ་ཧྥུ་སློབ་གྲྭ་ཆེན་མོའི་ཆབ་སྲིད་རིག་པ་མཁས་ཅན་སད་མུར•ཧེང་ཐིང་ཏུན་གྱིས་ཤེས་དཔལ་བར་གྱི་གདོང་ཐུག་ཅེས་པའི་རིགས་པའི་གཞུང་ལུགས་དེ་རེད། འཇམ་འཐབ་མཇུག་འགྲིལ་རྗེས། ཧེང་ཐིང་ཏུན་གྱིས་1993ལོར་ཨ་རིའི《ཕྱི་འབྲེལ་བྱ་དོན》ཞེས་པའི་དུས་དེབ་ཐོག 《ཤེས་དཔལ་བར་གྱི་གདོང་ཐུག》ཅེས་པའི་རྩོམ་ཡིག་ཅིག་བཏོན་པ་དང་། དེའི་ནང་འཛམ་གླིང་ཡོངས་ཧང་སངས་པར་བྱེད་པའི་ཤེས་དཔལ་བར་གྱི་གདོང་ཐུག་ཅེས་པའི་རིགས་པའི་གཞུང་ལུགས་ཐེངས་དང་པོར་བཏོན་པ་དང་། 1996ལོར་ཆེད་རྩོམ་དེབ་《ཤེས་དཔལ་བར་གྱི་གདོང་ཐུག་དང་འཛམ་གླིང་གི་སྒྲིག་ལམ་བསྐྱར་འཛུགས》ཞེས་པ་དཔེ་སྐྲུན་བྱས་ཤིང་། དེའི་ཐོག་ནས་རིགས་པའི་གཞུང་ལུགས་ཀྱི་མ་ལག་གྲུབ་པ་མཚོན་གྱི་ཡོད་པ་རེད།

ཧེང་ཐིང་ཏུན་གྱི་རིགས་གཞུང་དེས་རྡོ་གཅིག་ཆུར་འཕངས་པས་ཆུ་གཉེར་གྲངས་མེད་ལངས་པ་ལྟར་དེར་ལན་ཆ་ཆེན་པོ་བྱུང་བ་དང་། དེའི་རྒྱུ་མཚན་ཡང་དེབ་དེའི་ནང་རིག་གནས་བཙན་དབང་གི་དོན་མཚོན་པར་བྱས་ཡོད་པས། རྒྱལ་སྤྱིའི་རིག་གཞུང་ལས་རིགས་ནང་སྐྱོན་བརྗོད་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད། དེ་ལྟར་ཡིན་རུང་། ཧེང་ཐིང་ཏུན་གྱི་ཤེས་དཔལ་བར་གྱི་གདོང་ཐུག་སྨྲ་བ་དེ་ཡང་ཤེས་དཔལ་བར་གྱི་གདོང་ཐུག་ལ་སྐུལ་ལྕག་བྱས་པ་ཞིག་མིན་ཞིང་། ཁོང་གིས་ཤེས་དཔལ་བར་གྱི་གདོང་ཐུག་ཅེས་པའི་དོན་དངོས་དེར་འགྲེལ་བཤད་རྒྱག་ཐབས་བྱས་ཡོད་པ་དང་། ནུབ་ཕྱོགས་ནས་ནུབ་ཕྱོགས་ཀྱི་ཤེས་དཔལ་ལ་བརྟེན་ནས་ནུབ་ཕྱོགས་ལས་འདས་པའི་ཤེས་དཔལ་ལ་བསྒྱུར་བཀོད་བྱེད་རྩིས་མི་བྱེད་རྒྱུའི་བསླབ་འདོམས་གནང་ཡོད། ཁོང་གིས་མོས་མཐུན་གནང་བའི་ཤེས་དཔལ་བར་གྱི་སྐད་ཆ་ཤོད་རེས་དང་། བསམ་ཤེས་དང་མཉམ་ལས་ནི། སྣེ་མང་ཤེས་དཔལ་ཐོག་བཙུགས་པ་ཞིག་ཡིན་པ་ལས། ཕྱོགས་རྐྱང་པའི་ཤེས་དཔལ་ཐོག་བཙུགས་པའི་འཛམ་གླིང་གི་སྒྲིག་ལམ་དེ་མིན། ཡིན་ནའང་སེ་ཅིན་ན་ཡིས་མ་རུང་ཁོག་བཅངས་ཀྱིས་ལུང་ཚིག་ལོག་འདྲེན་བྱས་ཡོད། གལ་སྲིད་དེ་ནི་རྨོངས་པའི་རྐྱེན་གྱིས་མིན་ན། དེ་ནི་འཛེམ་མེད་ཕྱོགས་ལྷུང་གི་རྐྱེན་ལས་བྱུང་བ་ཞིག་རེད།

པར་རིས་འབྱུང་ཁུངས། མཐོང་ཚོར་ཀྲུང་གོ

རིགས་གཞུང་ཕུད། སེ་ཅིན་ན་ཡིས་ཨ་རིའི་ཆབ་སྲིད་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་བས་ཀྱང་ཤེས་ཀྱི་མེད། སེ་ཅིན་ནས། ཀྲུང་གོ་དང་ཨ་རིའི་བར་གྱི་ཤེས་དཔལ་དང་འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་ནི་ཨ་རིས་དེ་སྔ་བརྒྱུད་མ་མྱོང་བ་ཞིག་ཡིན་ཞེས་བཤད་ཡོད། འོ་ན་དེ་ལྟ་བུ་བྱུང་མ་མྱོང་བ་ཞིག་ཡིན་ནམ། 9•11གི་དོན་རྐྱེན་རྗེས། ཨ་རིས་དབུས་ཤར་ཁུལ་དུ་དམག་འཁྲུག་ཐེངས་གཉིས་བསླངས་པ་མ་ཟད། མུའུ་སི་ལིན་ལ་དམིགས་པའི་མཐོང་ཆུང་སྲིད་ཇུས་བཏོན་ཡོད། ཡིན་ནའང་ཤེས་དཔལ་བར་གྱི་གདོང་ཐུག་ཅེས་གླེང་མྱོང་མེད། རྒྱུ་མཚན་ནི་ཧེང་ཐིང་ཏུན་གྱི་རིགས་པའི་གཞུང་ལུགས་ནི་སྤྱི་མཐུན་རིན་ཐང་དྲིལ་སྒྲོག་བྱེད་པའི་ཨ་རིའི་ངོས་ནས་བཤད་ན་ཆབ་སྲིད་ཡང་མ་དག་པ་ཞིག་ཡིན་པས་རེད། ཨ་རི་སྲིད་གཞུང་ནས་གསལ་པོ་ཤེས་ཀྱི་ཡོད། དོན་དག་འགའ་ཤས་སྒྲུབ་པ་ལས་བརྗོད་རུང་གི་མེད། གལ་ཏེ་དེ་ལས་ལྡོག་ན་འཛམ་གླིང་ཤེས་དཔལ་གྱི་ལམ་སྟོན་སྒྲོན་མེར་མུ་མཐུད་རྫུ་ཐབས་མེད།

ཨ་རིའི་མཐོ་རིམ་མི་ཚོགས་རྣམས་དེ་བས་ཧང་སངས་དགོས་པ་ཞིག་ནི། སེ་ཅིན་ནས་ད་དུང་། འདི་ནི་ང་ཚོར་ཤ་མདོག་དཀར་པོའི་མི་རིགས་མིན་པའི་རྒྱལ་ཁབ་ཆེན་མོའི་འགྲན་ཡ་འཕྲད་ཐེངས་དང་པོ་དེ་རེད་ཅེས་བཤད་ཡོད། དེ་ནི་ཨ་རི་དང་ཀྲུང་གོ་དང་། འཇམ་འཐབ་སྐབས་ཀྱི་ཨ་རི་དང་སུའུ་ལན་གྱི་འགལ་ཟླའི་ཁྱད་པར་གཞན་ཞིག་བརྗོད་པ་ཡིན། ཐད་ཀར་བཤད་ན། སེ་ཅིན་ནས་བརྗོད་འདོད་པའི་སྐད་ཆ་ནི་ཨ་རི་དང་སུའུ་ལན་བར་གྱི་འགྲན་རྩོད་ནི་ཤ་མདོག་དཀར་པོའི་མི་རིགས་ནང་ཁུལ་གྱི་འགྲན་རྩོད་ཡིན་པ་དང་། ཨ་རི་དང་ཀྲུང་གོའི་བར་ནི་ཤ་མདོག་དཀར་པོ་དང་ཤ་མདོག་དཀར་པོ་མ་ཡིན་པའི་བར་གྱི་འཐབ་རྩོད་ཡིན་ཟེར་བ་དེ་རེད། རིགས་རྒྱུད་མཐོང་ཆུང་ནི་ཨ་རིའི་ཆབ་སྲིད་ནང་ཀུན་གྱིས་ཡིད་གཟབ་བྱེད་དགོས་པ་ཞིག་རེད། ཡིན་ནའང་སྐད་ཆ་དེས་ཆབ་སྲིད་མཐོ་རིམ་མི་སྣ་རྣམས་ག་བྱེད་འདི་བྱེད་མི་ཤེས་པ་བཟོས་ཡོད། ཨ་རིའི་སྲིད་ཕྱོགས་དང་རིག་གཞུང་ལས་རིགས་མི་སྣས་གཅིག་རྗེས་གཉིས་མཐུད་ངང་སེ་ཅིན་ནར་གཡོལ་བ་དང་། འཇིགས་སུ་རུང་བ་དང་། རིགས་རྒྱུད་རིང་ལུགས་རྨང་གཞིར་བྱས་པའི་དབྱེ་ཞིབ་དེར་ཡིད་མ་རངས་པའི་རྣམ་པ་བསྟན་ཡོད།

རིགས་རྒྱུད་མཐོང་ཆུང་གི་གཏམ་བརྗོད་ནི་ཨ་རིར་མི་རྣམས་ནས་དོགས་ཟོན་ཆེན་པོ་བྱ་གཞི་ཞིག་རེད། སེ་ཅིན་ནས་འཛེམས་ཟོན་སྤུ་ཙམ་མེད་པར་དེ་ལྟར་བརྗོད་པ་དེ་ནི། ཤེས་དཔལ་ལྡན་པའི་མིར་མཚན་ཤས་བཟོས་པ་ཞིག་རེད་ཅེས་བརྗོད་ཆོག གང་དེ་ཤེས་དཔལ་གྱི་གདོང་ཐུག་ཅི་ལ་ཡིན། གང་དེ་དེ་བས་ཀྱང་ཀླ་ཀློས་ཤེས་དཔལ་ལ་གློ་བུར་དུ་འཇབ་རྒོལ་བྱས་པ་དང་འདྲ། དེ་བས་ཀྱང་མི་རྣམས་བློ་ཕམ་དགོས་པ་ཞིག་ནི། དེ་ལྟ་བུའི་སྨྱོ་གཏམ་དེ་ཟེར་སྐད་ལ་ཡོན་ཚད་ཡོད་ཟེར་བའི་ཨ་རིའི་བུད་མེད་ཅིག་གི་ཁ་ནས་ཐོན་པ་དེ་རེད། སེ་ཅིན་ན་ཡི་བརླང་སྤྱོད་ཤེས་རྨོངས་དེས། མི་རྣམས་ནས་སེམས་བཟང་མཛེས་ལྡན་གྱི་བུད་མེད་ལ་བཅངས་པའི་བག་ཆགས་དེ་ཇེ་སྡུག་ཏུ་བཏང་ཡོད།

དོན་དངོས་ཐོག་སེ་ཅིན་ན་ཡིས་བཤད་པ་དེ་ནི་ཨ་རིའི་མི་འགའ་ཤས་ཀྱི་བརྗོད་འདོད་ཀྱང་བརྗོད་མ་ཕོད་པའི་སྐད་ཆ་ཡིན། དེ་ནི་འཇམ་འཐབ་ཀྱི་རིག་ལམ་དང་རིག་གནས་བཙན་དབང་གི་གཏམ་རྙིང་བསྐྱར་བཤད་བྱས་པ་ཞིག་ཡིན་པ་དང་། དེར་ཤེས་དཔལ་གྱི་ཕྱི་གོས་ཤིག་གཡོགས་ཐོག ཤེས་དཔལ་ལ་མ་ཉེས་ཁ་གཡོག་བྱས་པ་ཞིག་རེད། འདུ་ཤེས་འཛིན་སྟངས་མི་འདྲ་བའི་འཐབ་རྩོད་ཟེར་བ་དེ་ནི་དམར་དམར་རྗེན་རྗེན་གྱི་འཇབ་འཐབ་བསམ་བློ་ཞིག་རེད། མི་དེ་དག་གིས་འདུ་ཤེས་འཛིན་སྟངས་ལ་གཞིགས་ནས་ཤོག་ཁག་དབྱེ་འབྱེད་བྱས་ཐོག གཟུགས་མེད་ཀྱི་ལྕགས་ཡོལ་ཞིག་གིས་འཛམ་གླིང་གི་མི་རྣམས་ལོགས་དབྱེ་བྱེད་པ་ཞིག་རེད། ཨ་རིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ནུབ་ཕྱོགས་ཤེས་དཔལ་གྱི་ཁུངས་དག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ཤེས་དཔལ་གྱི་ཁྱབ་ཁོངས་སུ་ཆེ་བས་ཆུང་བ་ཟ་བའི་ནགས་ཚལ་སྒྲིག་སྲོལ་ལག་ལེན་བསྟར་གྱི་ཡོད།

ལོ་རྒྱུས་ཀྱི་གོམ་སྟབས་དུས་རབས་21ལ་སླེབས་ཟིན། སེ་ཅིན་ན་སོགས་ཀྱི་བསམ་བློ་གཏོང་སྟངས་དེ་ལོ་ངོ40གོང་དུ་ལུས་ཡོད། རྗེས་ལུས་ཀྱི་བསམ་བློ་དེ་རིགས་དུས་རབས་གོང་འཕེལ་གྱི་འགྲོས་དང་མི་མཐུན་པས་དེས་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ་ལ། དེ་ལས་ལྡོག་སྟེ་རང་ཉིད་ཕམ་ཉེས་སུ་གཏོང་རྒྱུ་རེད། བཤད་པ་ལྟར་ན། ཨ་རིའི་རྒྱལ་དོན་ཁང་གིས་ཡོངས་སུ་མི་འདྲ་བའི་ཤེས་དཔལ་ཞིག་དང་དམག་འཐབ་བྱེད་པའི་འདུ་ཤེས་ལ་གཞིགས་ནས་ཀྲུང་གོའི་བར་གྱི་འཐབ་ཇུས་བཟོ་བཞིན་ཡོད་ཟེར། དེ་ལྟ་བུའི་ལོ་རྒྱུས་ཕྱིར་ལྡོག་བྱེད་པའི་བྱ་སྤྱོད་དེ་རིགས་མི་རྣམས་ཀྱིས་སྙིང་རྗེ་མེད་པར་རྡོག་རོལ་གཏོང་ངེས་རེད།

ཤེས་དཔལ་ནི་གཅིག་ཁོ་ན་དང་ཀུན་ལ་ཁྱབ་པ་ཞིག་མེད། ཤེས་དཔལ་གྱི་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པ་ནི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་རེད། གསོན་ཤུགས་ལྡན་པའི་ཤེས་དཔལ་ཚང་མ་ནི་ལོ་རྒྱུས་ནང་རིམ་པས་ཆགས་པ་དང་། མིའི་རིགས་ཀྱི་ནོར་བུ་ཤ་སྟག་རེད། ལོ2000ལྷག་ཙམ་གོང་འཛམ་གླིང་ཐོག་མིའི་རིགས་ཀྱི་བློ་སྒོ་འབྱེད་མཁན་ཤེས་རབ་ཅན་རབ་དང་རིམ་པ་ཐོན་ཡོད། ཀྲུང་གོར་སྔ་ཕྱིར་ལའོ་ཙེ་དང་། ཁུང་ཙེ། མོང་ཙེ་སོགས་བསམ་བློ་མཁས་ཅན་ཐོན་པ་དང་། ཧ་ལམ་དེ་དང་དུས་མཚུངས་པར་ཀེ་རི་སིའི་ཕྱེད་གླིང་ཐོག་སུ་ཀོ་ལ་ཏི་དང་། སྦོ་ལ་ཐུ། ཡ་ལི་ཧྲེ་ཏོ་ཏེ་སོགས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་རྨང་གཞི་འདིང་མཁན་ཐོན་ཡོད། ལོ་ངོ་སྟོང་ཕྲག་འགའི་ནང་། ཤར་ནུབ་གཉིས་ཀྱི་ཤེས་དཔལ་དང་། དེ་མིན་མིའི་རིགས་ཀྱི་ཤེས་དཔལ་ཁག་ཚང་མས། ཕན་ཚུན་བརྩི་བཀུར་དང་། ཡིད་སྨོན། ཁོག་ཡངས་བཅས་ཀྱི་ཀུན་སློང་བཅངས་ནས། ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་མཚམས་ཆད་མྱོང་མེད།

ཤེས་དཔལ་བར་མ་གཞི་ནས་གདོང་ཐུག་མེད། ཤེས་དཔལ་ལ་ཁ་གཡར་ནས་གདོང་ཐུག་བསླངས་ན། ཤེས་དཔལ་ལ་བརྩི་འཇོག་བྱེད་ཅིང་ཞི་བདེར་དགའ་བའི་མི་རྣམས་ཀྱིས་མཆིལ་མ་བཞིན་འདོར་ངེས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག རྒྱལ་པོ།
ཡིག་སྒྱུར། རིན་ཆེན་དབང་འདུས།