ཚོང་གྲུར་གཞན་གྱིས་རྐང་བཙུགས་ནས་སྤེལ་བའི་གཏོར་བརླག་ཕོག་པས་མཚོ་ཁུག་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་ཕྱིན་པ།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ཞས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཀྲ་ཡེ་ཉིས་སྤྱི་ཚེས་༡༣ཉིན་སྤེལ་བའི་གསལ་བསྒྲགས་ཞིག་གི་ནང་། དེའི་གོང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་མཚོ་ཁོངས་ཀྱི་ཚོང་གྲུ་ཞིག་ལ་གཞན་གྱིས་རྐང་བཙུགས་ནས་སྤེལ་བའི་དོན་རྐྱེན་ལ་སུན་འབྱིན་བྱས་ཡོད་པ་རེད། ཀྲ་ཡེ་ཉིས། ས་ཁུལ་གྱི་གྲུ་གཟིངས་འགྲོ་སྐྱོད་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་། གྲུ་པའི་ཚེ་སྲོག་ལ་ཉེན་ཁ་བཟོ་པའི་བྱ་ཐབས་ཇུས་འགོད་ལག་བསྟར་བྱས་པ་ནི་གནས་བབ་ཉེན་ཁའི་ཕྱོགས་སུ་གོང་འཕེལ་དང་རིམ་སྤར་བྱས་པ་ཞིག་ཡིན་ཞེས་གསུངས་ཡོད།

དོན་རྐྱེན་དེའི་ཐོག་ནས་མཚོ་ཁུག་གནས་བབ་ཀྱི་ཉེན་ཁའི་རང་བཞིན་དང་རྙོག་འཛིང་རང་བཞིན་མངོན་གསལ་དོད་པོས་མངོན་ཐུབ། ཨ་རི་དང་དབྱི་རན་གྱི་འབྲེལ་བ་ཟམ་མི་ཆད་པར་ཛ་དྲག་ཏུ་ཕྱིན་པར་བརྟེན་ཕྱོགས་ཁག་ཚང་མས་མཚོ་ཁུག་ས་ཁུལ་གྱི་གནད་དོན་འཕེལ་ཚུལ་ཚང་མར་རྒྱུན་མཐུད་ངང་དོ་ཁུར་ཟབ་མོ་བྱེད་བཞིན་ཡོད་པ་དང་། ས་ཁུལ་དེའི་ཉེ་དུས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་རེད།

ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུས་སྤྱི་ཚེས་༡༢ཉིན་སྤེལ་བའི་གསལ་བསྒྲགས་ཤིག་ལས་གསལ་བར། ཚོང་གྲུ་༤ལ་ཉིན་དེ་རང་དུ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོ་དཔོན་རྒྱལ་ཁབ་ཧྥུ་གྲ་དབྱི་ལའི་ཤར་ཕྱོགས་མཚོ་ཁོངས་སུ་གཞན་གྱིས་རྐང་བཙུགས་ནས་གཏོར་བརླག་བཏང་ཡོད་པ་ཟུར་གསལ་བྱས་ཡོད། གསལ་བསྒྲགས་ནང་། དོན་རྐྱེན་དེའི་ཁྲོད་མི་སྣ་ཤི་རྨས་བྱུང་མེད་ལ་གནོད་ལྡན་རྫས་འགྱུར་དངོས་པོའམ་འབར་རྫས་ཕྱིར་ཟགས་པའི་གནས་ཚུལ་ཡང་ཐོན་མེད་ཅེས་བསྟན་ཡོད། འོན་ཀྱང་གཏོར་བརླག་བྱེད་སྒོ་དེའི་ཞིབ་ཕྲའི་ནང་དོན་དང་བྱེད་སྒོ་སྤེལ་མཁན་ཕྱོགས་གཏོགས་གསལ་བཤད་བྱས་མེད་པ་རེད།

དེ་རྗེས། སོ་ཏི་ཨ་རབ་ཀྱི་ནུས་རྒྱུ་དང་། བཟོ་ལས། གཏེར་རྫས་ཐོན་ཁུངས་པུའི་བློན་ཆེན་ཧྥ་ལི་ཧེས་སྤྱི་ཚེས་༡༣ཉིན། སོ་ཏི་ཨ་རབ་ཀྱི་སྣུམ་གྲུ་གཉིས་ལ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མཚོ་ཁོངས་སུ་གཞན་གྱིས་རྐང་བཙུགས་ནས་གཏོར་བརླག་ཚབས་ཆེན་བཏང་ཡོད་ཅེས་བསྟན་ཡོད།

ཧྥ་ལི་ཧེས། དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༢ཉིན་གྱི་ཐོ་རེངས་ཆུ་ཚོད་༦པ་སྟེ་པེ་ཅིན་དུས་ཚོད་སྤྱི་ཚེས་༡༢ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པའི་ཐོག་ཐོན་པ་དང་། དེའི་ཁྲོད་ཀྱི་གྲུ་གཟིངས་གཅིག་སོ་ཏི་ཨ་རབ་ཀྱི་སྣུམ་གྲུ་ཡིན་པ་དང་། དེ་སོ་ཏི་ཨ་རབ་ཀྱི་གྲུ་ཁའི་ཕྱོགས་སུ་ཨ་རིའི་འཛད་སྤྱོད་པར་མ་སྣུམ་རྩིས་སྤྲོད་བྱེད་དུ་འགྲོ་མཁན་རེད་ཅེས་ངོ་སྤྲོད་བྱས་ཡོད། ཡིན་ནའང་སོ་ཏི་ཨ་རབ་ཕྱོགས་ནས་གཞན་གྱིས་རྐང་བཙུགས་ནས་གཏོར་བརླག་བཏང་བའི་སྣུམ་གྲུ་དེའི་མིང་གང་ཡིན་ཟུར་གསལ་བྱས་མེད་ལ་དོགས་ཡོད་ཕྱོགས་གཏོགས་སུ་ཡིན་མིན་ཡང་ངོས་འཛིན་བྱས་མེད་པ་རེད།

སྨྱན་སྦྱོར་ཚན་པ་ཁ་ཤས་ཀྱིས་སྲུང་སྐར་པར་རིས་ཀྱི་སྤྱི་བསྒྲགས་ཐབས་ལམ་བརྒྱུད། དོན་རྐྱེན་ཐོན་ཡུལ་དུ་མེ་ལྕེ་དང་དུ་བ་ཐོན་མེད་པའི་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད།

དོན་རྐྱེན་ཐོན་ནས་ཡུན་རིང་མ་སོང་བར། ཨ་རིའི་མཚོ་ཐོག་སྐྱེལ་འདྲེན་ཅུད་ཀྱིས་ཉེན་བརྡ་ཞིག་བཏང་ནས། གྲུ་དཔོན་རྣམས་འབྲེལ་ཡོད་ས་ཁུལ་བརྒྱུད་འགྲོ་སྐབས་ཡིད་གཟབ་བྱེད་དགོས་ཚུལ་བསྟན་ཡོད། དེའི་གོང་། ཨ་རིའི་མཚོ་ཐོག་སྐྱེལ་འདྲེན་ཅུད་ཀྱིས་སྤྱི་བསྒྲགས་སྤེལ་ནས་དབྱི་རན་དང་ས་ཁུལ་གྱི་འཐུས་ཚབ་མི་སྣས་སྤྱི་ཟླ་༥པའི་ཟླ་མགོའི་རྗེས་སུ་ཨ་རི་དང་དེའི་མནའ་གྲོགས་ཀྱི་དབུས་ཤར་དུ་ཡོད་པའི་སྒྲིག་ཆས་དང་མི་སྣར་དམག་དོན་བྱ་སྤྱོད་སྤེལ་བའི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཡིན་པ་བསྟན་ཡོད།

ཤེས་རྟོགས་ཐུབ་པར་གཞིགས་ན། གྲུ་གཟིངས་ལ་གཞན་གྱིས་རྐང་བཙུགས་ནས་གཏོར་བརླག་བཏང་བའི་དོན་རྐྱེན་ཐོན་ཡུལ་ཧྥུ་གྲ་དབྱི་ལ་གྲུ་ཁ་དང་བར་ཐག་ཉེ་པོ་ཡོད་པ་དང་། དེ་མཚོ་ཁུག་ས་ཁུལ་གྱི་འཐབ་ཇུས་འགག་གནད་ཧོའར་མུ་ཙི་མཚོ་འགག་ལྷོ་རྒྱུད་ཀྱི་སྤྱི་ལེ་༡༤༠སར་གནས་ཡོད་པ་རེད།

དབྱེ་ཞིབ་མི་སྣས། ཚོང་གྲུར་གཞན་གྱིས་རྐང་བཙུགས་ནས་གཏོར་བརླག་བཏང་བ་དེའི་ཐོག་ནས་མཚོ་ཁུག་ས་ཁུལ་གནས་བབ་ཀྱི་ཉེན་ཁའི་རང་བཞིན་དང་རྙོག་འཛིང་སླར་ཡང་མངོན་གསལ་དོད་དུ་ཕྱིན་ནས། ས་ཁུལ་གྱི་ཛ་དྲག་གནས་བབ་སྔར་བས་ཚབས་ཆེ་རུ་ཕྱིན་པའི་ངོས་འཛིན་གནང་ཡོད།

དབྱི་རན་ཕྱོགས་ནས་དེའི་ཐད་ལན་ཆ་ཆེན་པོ་བྱེད་ཀྱི་ཡོད། དབྱི་རན་དབྱི་སི་རན་གསར་བརྗེའི་སྲུང་དམག་རུ་ཁག་གི་མཐོ་རིམ་དམག་དཔོན་གྱིས་སྤྱི་ཚེས་༡༢ཉིན། མཚོ་ཁུག་ས་ཁུལ་དུ་ཨ་རིའི་དམག་དོན་གནས་པ་ནི་དེ་སྔོན་གྱི་བདེ་འཇགས་ཉེན་ཁ་ཆེན་པོ་ཞིག་ཡིན་ལ་ད་ལྟ་ འབེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན་ཡོད།

མིག་སྔའི་གནས་ཚུལ་ནས་བལྟས་ན། ཨ་རི་དང་དབྱི་རན་ཕྱོགས་གཉིས་ཀས་ཉེ་དུས་འཐབ་འཛིང་བྱེད་རྩིས་མེད། ཨ་རིར་མྱུར་འཐབ་མྱུར་གཅོད་ཐུབ་རྒྱུའི་གདེང་ཚོད་མེད་ལ་དམག་འཐབ་ཁྱོན་ཡོངས་ནས་འགོ་ཚུགས་རྒྱུའི་གྲ་སྒྲིག་ལས་དོན་ཡང་ལེགས་གྲུབ་བྱུང་མེད་པས། མིག་སྔའི་དམག་ཤུགས་བཀོད་སྒྲིག་ཀྱིས་འགོག་སྲུང་དང་འཇིགས་སྣང་སྐུལ་རྒྱུའི་ནུས་པ་ཐོན་པ་ཙམ་ལས་ཡོང་མི་ཐུབ། དབྱི་རན་གྱིས་གཅིག་ནས་ཨ་རི་ཕྱོགས་དང་ཐད་ཀར་དམག་འཁྲུག་སློང་འདོད་བྱེད་ཀྱི་མེད་ལ་ཁ་ཞེ་གཉིས་མེད་ངང་ཨ་རིའི་འོག་ཏུ་མགོ་བོ་སྒུར་འདོད་ཀྱང་བྱེད་ཀྱི་མེད།

མ་གཞི་དེ་འདྲ་ཡིན་རུང་། ཕྱོགས་གཉིས་པོའི་དབར་གཞི་ཁྱོན་ཆུང་བའི་གདོང་ཐུག་ཐོན་སྲིད་པའི་ཉེན་ཁ་གནས་པ་དོར་ཐབས་བྲལ་བ་ཞིག་ཡིན། ཨ་རིས་དབྱི་རན་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་འཇིགས་སྐུལ་སྒྲིག་འཛུགས་ཀྱི་མིང་ཐོ་ནག་པོའི་ནང་བླུགས་པ་དེ་ནི་ཨ་རིས་བདག་དབང་རྒྱལ་ཁབ་ཅིག་གི་དམག་དཔུང་མིང་ཐོ་དེའི་ནང་བླུགས་ཐེངས་ཐོག་མ་དེ་ཡིན་པ་རེད། སྤྱིར་བཏང་བྱས་ན། མིང་ཐོ་དེའི་ནང་བླུགས་པའི་སྒྲིག་འཛུགས་དང་མི་སྒེར་ཚང་མ་ཨ་རིའི་དམག་དོན་གྱི་རྡུང་རྡེག་གཏོང་ཡུལ་དུ་འགྱུར་བཟོ་ཡོད་པ་རེད།

དབྱི་རན་གྱིས་ངན་ལ་ངན་ལན་བྱས་ནས་ཨ་རིའི་དམག་དཔུང་གི་དབུས་ཤར་དམག་དོན་བྱ་སྤྱོད་གྱི་འགན་ཁུར་མཁན་ཀྲུང་དབྱང་དམག་སྤྱི་ཁང་དང་དབུས་ཤར་དུ་བཅའ་སྡོད་དམག་དཔུང་ལ་འཇིགས་སྐུལ་སྒྲིག་འཛུགས་རེད་ཅེས་ཟེར་བས། དེ་གཉིས་ཀྱང་དབུས་ཤར་དྲག་ཆས་སྒྲིག་འཛུགས་ཁ་ཤས་ཀྱི་འཇབ་རྒོལ་བྱ་ཡུལ་དུ་འགྱུར་བཟོ་ཡོད་པ་རེད།
དེར་བརྟེན་ཨ་རི་དང་དབྱི་རན་རྒྱལ་ཁབ་གཉིས་པོ་མིག་སྔའི་ཆར་འཐབ་འཛིང་བྱེད་ལ་ཉེ་བའི་ཛ་དྲག་དུས་སྐབས་སུ་སླེབས་ཡོད་ཅེས་བཤད་ན་ཆོག་གི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།