མ་ལེ་ཞི་ཡའི་ཉེན་རྟོག་པའི་ཕྱོགས་ནས་འཇིགས་སྐུལ་བྱེད་སྒོ་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་བཞི་འཛིན་བཟུང་བྱས་པ།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་མ་ལེ་ཞི་ཡའི་ཉེན་རྟོག་པའི་ཕྱོགས་ནས་མ་ལེ་ཞི་ཡའི་མངའ་ཁོངས་ནང་དུ་འཇིགས་སྐུལ་བྱེད་སྒོ་ཇུས་འགོད་ལག་བསྟར་བྱེད་པ་དོགས་པ་ཡོད་པའི་དྲག་ཆས་པ་བཞི་འཛིན་བཟུང་བྱས་པ་མ་ཟད། འབར་གས་དང་མེ་མདའ་སོགས་མཚོན་ཆ་དང་འབར་མདེལ་ཁག་གཅིག་རྩད་གཅོད་ཐུབ་ཡོད་པ་རེད། མ་ལེ་ཞི་ཡའི་ཉེན་རྟོག་པའི་ཕྱོགས་ཀྱི་འགན་འཁུར་མི་སྣ་པ་ཏུའོར་གྱིས་དོགས་ཡོད་མི་སྣ་བཞི་པོ་འདི་དག་ནི་རང་ལོ་༢༠ནས་༤༦བར་ཡིན་པ་དང་། དེ་དག་ནི་འབར་མ་ནས་ཡིན་པའི་རོ་ཤིང་ཡ་རིགས་ཀྱི་མི་གཉིས་དང་ཧིན་རྡུ་ཉི་ཤ་ཡ་བ་གཅིག མ་ལེ་ཞི་ཡ་བ་གཅིག་བཅས་ཡིན་པ་རེད། ཁོ་ཚོས་མུའུ་སི་ལིན་གྱི་སྨྱུང་གནས་སྲུང་བའི་ཟླ་བའི་གཟའ་འཁོར་ཐོག་མར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་མ་ལེ་ཞི་ཡར་བཅར་སྡོད་འབར་མའི་གཞུང་ཚབ་ཆེན་མོ་ཁང་དུ་འབར་གས་འཇབ་རྒོལ་དོན་རྐྱེན་བཟོ་རྒྱུའི་ཇུས་ངན་བཤམས་ཟིན་པ་མ་ཟད། མ་ལེ་ཞི་ཡའི་གྲགས་ཅན་མི་སྣ་ལྐོག་གསོད་བྱེད་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། པ་ཏུའོར་གྱིས། ཚོགས་པ་འདིའི་ཁྲོད་ཀྱི་མི་གསུམ་ད་དུང་བྲོས་བྱོལ་དུ་ཕྱིན་པ་དང་། མ་ལེ་ཞི་ཡའི་ཉེན་རྟོག་པའི་ཕྱོགས་ནས་སྔོག་བཤེར་འཛིན་བཟུང་བྱེད་མུས་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།