སྐབས་༢༢པའི་ཧ་ཧྥུ་ཀྲུང་གོའི་གླེང་སྟེགས་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྐབས་༢༢པའི་ཧ་ཧྥུའུ་ཀྲུང་གོའི་གླེང་སྟེགས་དེ་སྤྱི་ཚེས་༡༢ཉིན་ཨ་རིའི་ཧ་ཧྥུའུ་སློབ་གྲྭ་ཆེན་མོར་འགོ་ཚུགས་པ་རེད། ཀྲུང་གོ་དང་ཨ་རིའི་སྲིད་ཚོང་ལས་རིགས་ཀྱི་མི་སྣས་སྐད་ཆ་ཤོད་རེས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་འབྱུང་འགྱུར་གོང་འཕེལ་སོགས་ཀྱི་གྲོས་དོན་གླེང་ཡོད་པ་རེད།

ཉིན་དེའི་དགོང་མོ་སྐོང་འཚོགས་བྱས་པའི་འགོ་ཚུགས་མཛད་སྒོའི་ཐོག སྐུ་མགྲོན་མང་པོ་ཞིག་གི་ཤིས་ཚིག་གི་ནང་དོན་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐོག་ཏུ་གཅིག་བསྡུས་བྱས་ཡོད་པ་རེད། ཨ་རིའི་ཨ་རི་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨའོ་ལུན་སིས། ཁོང་གིས་ཨ་ཀྲུང་འབྲེལ་བ་ཡུན་རིང་གོང་འཕེལ་ཐད་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་དང་། ཁོང་ནས་དངུལ་རྩའི་ཉམས་ཉེན་དང་གནམ་གཤིས་འགྱུར་བ། འཇིགས་སྐུལ་རིང་ལུགས། དེ་བཞིན་འགོས་ཁྱབ་ཆེ་བའི་ནད་ཡམས་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་ཁ་གཏད་གཅོག་པའི་ཐད་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཡིན་ཞེས་གསུངས་པ་རེད།

ཧ་ཧྥུའུ་ཀྲུང་གོའི་གླེང་སྟེགས་ཀྱི་མཉམ་ཞུགས་ཀྲུའུ་ཞི་གཞོན་པ་ལི་ཅ་རུང་གིས། ད་ལོའི་གླེང་སྟེགས་ཀྱིས་འཛམ་གླིང་དང་ཐུན་མོང་། གཅིག་མཐུན་གྱི་ལས་དབང་ཞེས་པས་བརྗོད་བྱ་གཙོ་བོ་བྱས་པ་དང་། ཉེ་བའི་ལོ་ཤས་རིང་གི་འཛམ་གླིང་ཧྲིལ་པོའི་འགྲན་རྩོད་རིམ་སྤར་གྱི་རྒྱབ་ལྗོངས་ཆེན་མོའི་འོག གླེང་སྟེགས་ནས་ལས་རིགས་ཁག་གི་མི་སྣར་སྐད་ཆ་ཤོད་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་ནས། ཕྱི་རྒྱལ་ལས་རིགས་ཁག་གིས་ཀྲུང་གོར་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུ་དང་། ཕྱོགས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།