སུའུ་ཏན་གྱི་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མཚན་འགྲུལ་བཀག་སྡོམ་མེད་པར་བཟོས་པའི་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཤིའར་ཧན་གྱིས། རྒྱལ་ཡོངས་ཁྱབ་ཁོངས་ནང་དུ་མཚན་འགྲུལ་བཀག་སྡོམ་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཤིའར་ཧན་གྱིས་སུའུ་ཏན་གཞུང་ཕྱོགས་བརྙན་འཕྲིན་ལས་ཁུངས་ཀྱི་ཐད་གཏོང་ལེ་ཚན་ནང་དུ་གསལ་བསྒྲགས་སྤེལ་ནས། མཚན་འགྲུལ་བཀག་སྡོམ་མེད་པར་བཟོས་པ་དང་། དེ་སྔའི་པ་ཤིར་སྲིད་དབང་གི་ཛ་དྲག་གནས་བབ་བཅའ་ཁྲིམས་ལ་གཞིགས་ནས་འདྲི་གཅོད་དང་། བཀག་ཉར་བྱས་པའི་མི་སྣ་ཡོངས་རྫོགས་གློད་དཀྲོལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཁོང་ནས་དུས་མཚུངས་སུ་སུའུ་ཏན་གྱི་མངའ་སྡེ་ཡོད་ཚད་ཀྱི་དམག་སྲིད་མངའ་སྡེའི་འགོ་འཛིན་གྱི་འགན་གནས་མེད་པར་བཟོས་པ་དང་དམག་ཁུལ་ཁང་ཁག་གི་བཀོད་འདོམས་དཔོན་གྱིས་ཚབ་བྱས་ཏེ་ལས་དོན་གཙོ་སྐྱོང་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཤིའར་ཧན་གྱིས། ཁོང་ནས་སུའུ་ཏན་སྲིད་ཏང་ཕྱོགས་ཁག་དང་མཐུན་སྦྱོར་གྲོས་མོལ་བྱས་རྗེས་བར་བརྒལ་ཞི་དཔོན་གྱི་ལས་འགན་སྲིད་གཞུང་འཛུགས་རྒྱུ་དང་། ལོ་གཉིས་ཀྱི་བར་བརྒལ་གྱི་དུས་ཡུན་ནང་རྒྱལ་ཁབ་ཀྱི་བྱ་དོན་ལ་དོ་དམ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།