ཀྲུང་གོར་བཅའ་སྡོད་ཐན་ཙན་ནི་ཡའི་གཞུང་ཚབ་ཆེན་མོ་བས་རྒྱུད་གཅིག་ལམ་གཅིག་ནི་ཀྲུང་གོས་འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཡིན།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོར་བཅའ་སྡོད་ཐན་ཙན་ནི་ཡའི་གཞུང་ཚབ་ཆེན་མོ་བ་ཁའེ་ལུའུ་ཅིས་ད་ལོའི་ཀྲུང་གོའི་ཚོགས་ཆེན་གཉིས་སྐོང་འཚོགས་བྱེད་རིང་ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། རྒྱལ་ཁབ་དང་ས་ཁུལ་དེ་བས་མང་བས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ནང་ཞུགས་པ་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

ཁའེ་ལུའུ་ཅིས། ཚོགས་ཆེན་གཉིས་ཀྱིས་ཀྲུང་གོའི་སྲིད་ཇུས་དང་གོང་འཕེལ་གྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་གང་ལེགས་མངོན་གྱི་ཡོད་པ་དང་། འདིས་ང་རང་ལ་བབ་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས་པ་རེད།

སྐབས་རིམ་བྱུང་གི་ཚོགས་ཆེན་གཉིས་པོས་མི་དམངས་ལྟེ་བར་བྱས་པ་དང་། དོ་ཁུར་ལ་བརྡ་ལན་སྤྲོད་པ། དབུལ་ཕོང་མི་འབོར་དང་དཔལ་འབྱོར་གོང་འཕེལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། ཚན་རྩལ་གསར་གཏོད་དང་ཚན་རྩལ་གསར་སྤེལ། གྲངས་གཞི་ཆེན་མོ། མི་བཟོས་རིག་ནུས་སོགས་ཀྱི་གནད་དོན་དེ་ནི་སྲིད་ཇུས་གཏན་འབེབས་ནང་མཚོན་པ་ཙམ་མ་ཟད། ད་དུང་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། ད་ལོའི་ཚོགས་ཆེན་གཉིས་དང་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་ནང་མུ་མཐུད་དེ་མི་གཙོ་བོར་བཞག་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོང་འགྲོ་རྒྱུར་ཞབས་ཞུ་བསྒྲུབ་དགོས་ཞེས་སྟོན་ཡོད།

ཁའེ་ལུའུ་ཅིས། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་གཏན་འབེབས་བྱེད་པའི་ཐོག་མའི་བསམ་འདུན་ནི་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་ཡིན། སྤྱི་ལོ་༢༠༡༧ལོའི་ཚོགས་ཆེན་གཉིས་ཀྱི་དམིགས་འབེན་ནི་མི་གྲངས་བྱེ་བ་གཅིག་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་ཡིན་པ་དང་། སྤྱི་ལོ་༢༠༡༨ལོའི་དམིགས་འབེན་ནི་སླར་ཡང་མི་གྲངས་བྱེ་བ་གཅིག་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་དེ་ཡིན། ད་ལོའི་ཚོགས་ཆེན་གཉིས་ཀྱི་རིང་སྲིད་གཞུང་ནས་སྔར་བཞིན་དབུལ་ཕོངས་ཉུང་གཏོང་དེ་ལས་ཀའི་གཙོ་གནད་དུ་བཞག་ཡོད། ཕྱོགས་ཁག་གིས་འབད་ཐབས་ལྷོད་མེད་བྱས་པ་བརྒྱུད། དམིགས་འབེན་འདི་དག་མངོན་འགྱུར་ཐུབ་ཡོད་ཅིང་། འདི་ནི་ལས་སླ་པོ་ཞིག་རྩ་བ་ཉིད་ནས་མིན། ད་ཆ་བང་རིམ་ཁག་གི་ཐད་ནས་བལྟས་ཚེ། ཀྲུང་གོའི་སྲིད་གཞུང་གི་དབུལ་སྒྲོལ་འགག་གཏོར་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

ཁོང་གིས། རྒྱལ་ཁབ་འགའ་ཤས་ཀྱི་སྲིད་གཞུང་གིས་དམིགས་འབེན་གཏན་འཁེལ་བྱེད་སྐབས་མི་དམངས་ཀྱི་ཕན་ཁེ་དེ་གླེང་བ་ཙམ་ལས་དོན་ངོ་མའི་བྱ་སྤྱོད་ཀྱི་ཐོག་ཏུ་སྣང་མེད་དུ་འཇོག་གི་ཡོད། ཀྲུང་གོའི་སྲིད་གཞུང་གིས་དམིགས་འབེན་གཏན་འཁེལ་བྱས་པ་དང་དུས་མཚུངས་སུ་དེ་ལག་ལེན་བསྟར་བཞིན་ཡོད། འདིའི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་ཁས་ལེན་མངོན་ཡོད་ཅེས་གསུངས་པ་རེད།

ཁའེ་ལུའུ་ཅིས། ད་ལྟ་ཀྲུང་གོ་ནི་ཡག་ཐོག་ཡག་བརྩེགས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད། དབུལ་ཕོངས་མི་འབོར་དུང་ཕྱུར་བདུན་ལྷག་དབུལ་གྲོལ་ཐུབ་པ་དང་། གཞི་ཁྱོན་ཆེན་པོའི་རྨང་གཞིའི་སྒྲིག་ཆས་སྐྲུན་ཟིན། ཚན་རྩལ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་གོང་འཕེལ་ཐད་ཀྲུང་གོའི་ལྕགས་ལམ་ལག་རྩལ་དེ་སྔོན་འགྲོའི་གནས་བབ་ཏུ་གནས་ཡོད་པ་དང་། གསོ་རིག་ཞིབའཇུག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ཞིང་ལས་ལག་རྩལ་སྔོན་ཐོན་དུ་སླེབས་ཡོད། ཡིན་ནའང་ལོ་ངོ་༧༠གོང་དུ་འདི་དག་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། འདི་ནི་རླབས་ཆེའི་འཕོ་འགྱུར་ཞིག་ཡིན་ཞེས་བརྗོད་ཆོག་ཅེས་གསུངས་པ་རེད།

ཁའེ་ལུའུ་ཅིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཚན་རྩལ་བརྒྱུད་དེ་མི་རྣམས་ཀྱི་འཚོ་བར་ལེགས་བཅོས་བྱེད་རྒྱུ་དམ་པ་དོན་དུ་གཉེར་བཞིན་པ་དང་། ཚན་རྩལ་དེ་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ནང་དུ་མཉམ་བསྲེས་བྱེད་བཞིན་ཡོད། དཔེར་ན། ༥Gལག་རྩལ་ལྟ་བུའི་ངོས་ནས་བཤད་ན་ཀྲུང་གོ་ནི་༥Gལག་རྩལ་སྔོན་ལ་ལག་བསྟར་བྱེད་མཁན་ཞིག་ཡིན། འོན་ཀྱང་ང་ཚོས་ཀྲུང་གོས་༥Gལག་རྩལ་གང་འཕེལ་གཏོང་བ་དེར་དམིགས་ཡུལ་གཞན་ཞིག་ཡོད་པ་དང་། ༥Gལག་རྩལ་གོང་འཕེལ་གྱིས་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་ཅེས་པའི་བཤད་སྲོལ་འགའ་ཞིག་ཀྱང་ཐོས་རྒྱུ་ཡོད། འདི་ནི་མི་དེ་ཚོས་ཀྲུང་གོའི་ཚན་རྩལ་གོང་འཕེལ་ལ་འཇིགས་སྣང་བྱས་པ་ཞིག་ཡིན། གང་ལགས་ཞེ་ན། ཚན་རྩལ་སྔོན་ཐོན་སླེབས་ཚེ། འཛམ་གླིང་ཁྱབ་ཁོངས་ཀྱི་བཀོད་ཇུས་ལ་ཤུགས་རྐྱེན་བཟོ་སྲིད་པས་ཡིན་ཞེས་གསུངས་པ་རེད།

ཁའེ་ལུའུ་ཅི་ཡིས། ད་ལོ་ནི་ཀྲུང་གོ་དང་ཐན་ཙན་ནི་ཡའི་བར་དངོས་སུ་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༥༥འཁོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། འདས་ཟིན་པའི་ལོ་ངོ་༥༥ཡི་ནང་། ཐན་ཙན་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མང་པོར་དངོས་སྒྲུབ་མཉམ་ལས་བྱས་ཡོད། རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་ཡོད་པ་མ་ཟད། ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཁྱབ་ཁོངས་སུའང་རྒྱ་ཁྱབ་ཀྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་ཡོད་ཅེས་གསུངས་པ་རེད།

ཁའེ་ལུའུ་ཅི་ཡིས། ན་ནིང་ནས་བཟུང་། ཐན་ཙན་ནི་ཡ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཉོ་ཚོང་ཐད་འཕེལ་རྒྱས་མངོན་གསལ་བྱུང་ཡོད། ཐན་ཙན་ནི་ཡ་ཧྲང་ཧེ་རུ་འཚོགས་པའི་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལ་ཞུགས་པ་རེད། ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱིས་ཐན་ཙན་ནི་ཡའི་ཐོན་རྫས་ཁྱབ་གདལ་དུ་གཏོང་བར་གོ་སྐབས་བྱུང་ཡོད། ཐན་ཙན་ནི་ཡའི་ཐོན་རྫས་ཕྱིར་གཏོང་དེ་ཞིང་ལས་ཐོན་རྫས་གཙོ་བོ་ཡིན། འོན་ཀྱང་ཀྲུང་གོའི་ཁྲོམ་རར་ཕྱིར་གཏོང་བྱེད་པའི་ཞིང་ལས་ཐོན་རྫས་ཀྱི་གཞི་ཁྱོན་ཧ་ཅང་ཆུང་ཆུང་ཡིན། རྒྱུ་རྐྱེན་གཙོ་བོ་ནི་ཐན་ཙན་ནི་ཡའི་ཐོན་སྐྱེད་ནུས་ཤུགས་ཀྱིས་མི་འདང་བ་དང་། ཀྲུང་གོའི་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ་བས་རེད། ང་ཚོས་ཐན་ཙན་ནི་ཡས་ཀྲུང་གོའི་ཕྱོགས་སུ་་ཁོ་ཧྥེ་དང་། མཁལ་སིལ། ཇ། ཏིལ་འབྲུ་སོགས་ཞིང་ལས་ཐོན་རྫས་སྔར་བས་མང་པོ་ཕྱིར་གཏོང་བྱ་རྒྱུའི་རེ་བ་ཡོད་ལ། སྲན་ཆེན་སོགས་ཞིང་ལས་ཐོན་རྫས་ལ་ཀྲུང་གོའི་ཁྲོམ་ར་གསར་འབྱེད་རྒྱུའི་རེ་བའང་ཡོད་ཅེས་ངོ་སྤྲོད་བྱས་ཡོད་པ་རེད།

ཁའེ་ལུའུ་ཅི་ཡིས། སྐབས་དང་པོའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་འཚོགས་པ་ནས་བཟུང་། རྒྱལ་ཁབ་དང་ས་གནས་དེ་བས་མང་པོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཟབ་ཞུགས་ཧུར་ཐག་བྱས་ནས། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད་པ་རེད། གལ་ཆེ་ཤོས་ནི་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག འཛམ་གླིང་གི་ས་ཁུལ་ཁག་ཏུ་ཟམ་མི་ཆད་པར་མཉམ་ལས་རྣམ་གྲངས་གསར་པ་མང་པོ་བྱུང་ཡོད། ཐན་ཙན་ནི་ཡས་སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་ཀྱི་སྐབས་སུ། ཀྲུང་གོ་དང་ལྷན་དུ་ཐོབ་ཟིན་པའི་གྲུབ་འབྲས་ལ་ཕྱི་མིག་བལྟ་བ་མ་ཟད་མ་འོངས་པར་རྒྱང་ལྟ་བྱ་རྒྱུའདོད་ཡོད་ཅེས་ནན་སྟོན་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།