ལུའུ་ཧ་ནིས་དབྱི་རན་གྱིས་རང་རྒྱལ་ཁབ་ནས་བཟོས་པའི་སྲུང་སྐར་གཉིས་མི་འགྱངས་པར་འཕེན་གཏོང་བྱ་རྒྱུ་ཡིན་ཞེས་བརྗོད་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན། དབྱི་རན་གྱི་ཙུང་ཐུང་ཧ་སང་ལུའུ་ཧ་ནིས། དབྱི་རན་གྱིས་མ་འོངས་པའི་གཟའ་འཁོར་ཁ་ཤས་ནང་རང་རྒྱལ་ཁབ་ནས་ཐོན་སྐྱེད་བྱས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས་མིས་བཟོས་སྲུང་སྐར་གཉིས་འཕེན་གཏོང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

དབྱི་རན་གྱིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་ཆ་འཕྲིན་ཐད། ཨ་རིའི་རྒྱལ་དོན་བློན་ཆེན་ཕུན་ཕེ་ཨོ་ཡིས་ཟླ་འདིའི་ཅུང་སྔ་ཙམ་གྱི་དུས་སུ་ཨ་རིའི་རྒྱལ་དོན་ཁང་གི་གསལ་བསྒྲགས་ཤིག་གི་ནང་། དབྱི་རན་གྱིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱ་རྒྱུའི་འཆར་གཞི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་ཡོད་པས། ཁོང་གིས་དབྱི་རན་ཕྱོགས་ཀྱིས་འབྲེལ་ཡོད་བྱེད་སྒོའི་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཅེས་བཤད་ཡོད་པ་རེད།

དབྱི་རན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཀྲ་ལི་ཧྥུས་དེའི་རྗེས་སུ། དབྱི་རན་གྱིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་མདེལ་ལམ་འཕུར་མདའ་འཕེལ་རྒྱས་སུ་གཏོང་བ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་མེད་པས། ཨ་རིར་དབྱི་རན་ལ་སྐྱོན་བརྗོད་བྱས་པའི་ཐོབ་ཐང་མེད་ཅེས་བསྟན་ཡོད་པ་རེད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།