ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་བརྒྱད་ལ་བྲེལ་འཚུབ་ངང་འཚམས་འདྲི་བསྐྱོད་པ།
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་གསར་པ་ཤར་བའི་ཚུན་དུ། ཨ་རིས་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་སྤྱི་ཟླ་དང་པོའི་ཚེས་༨ཉིན་ནས་ཚེས་༡༥ཉིན་བར་ཅོར་ཏན་དང་། ཨེ་ཅེབ། པ་ལིན། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁ་ཐར། སོ་ཏི་ཨ་རབ། ཨ་མོན། ཁོ་ཝེ་ཐེ་བཅས་དབུས་ཤར་རྒྱལ་ཁབ་བརྒྱད་ལ་་འཚམས་འདྲི་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། འཚམས་འདྲིའི་འཆར་གཞི་མགྱོགས་པོ་བཏོན་པ་དང་། འགྲོ་བསྐྱོད་ཡང་བྲེལ་འཚུབ་དེ་འདྲ་ནི་ཐེ་རོན་ཕུ་ཕོ་བྲང་དཀར་པོར་སླེབས་ཚུན་དུ་ཐེངས་དང་པོ་ཡིན་པ་རེད།

ད་ཐེངས་ཕེང་ཕེ་ཨའོ་ཡིས་བྲེལ་འཚུབ་ངང་དབུས་ཤར་དུ་བསྐྱོད་པ་དེ་རྒྱུ་མཚན་གང་ཡིན།

དང་པོ། ད་ཐེངས་གནས་ཚུལ་དེ་ཨ་རིས་སི་རི་ཡ་ནས་དམག་མི་ཕྱིར་འཐེན་བྱ་རྒྱུ་དང་འབྲེལ་བ་ཡོད། སྤྱི་ལོ་༡༠༡༨ལོའི་ལོ་མཇུག་ཏུ། ཐེ་རོན་ཕུས་གློ་བུར་དུ་སི་རི་ཡ་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཨ་རིའི་ཕྱི་ནང་གཉིས་སུ་ཧངས་སངས་དགོས་པ་བྱུང་ཡོད། དེ་རྗེས་ཡུན་རིང་མ་སོང་བར། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་མ་ཏི་སི་ལས་གནས་ནས་དགོངས་ཞུ་བྱས་པ་དེས། དབུས་ཤར་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་ཅིང་། དབུས་ཤར་རྒྱལ་ཁབ་ཁག་ཅིག་དངངས་འཚབ་ཆེན་པོ་ལངས་ཡོད། ཨ་རིས་སི་རི་ཡའི་གནད་དོན་ལ་སེམས་འཁུར་མི་བྱེད་པའི་ངོས་འཛིན་བྱས་ཡོད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐད་སྐྱོད་སྒྲིག་འཛུགས་བསྐྱར་ལོག་བྱས་པ་དང་། དབྱི་རན་དེ་ཉིད་སི་རི་ཡ་རུ་ཡོད་པའི་གནས་བབ་མུ་མཐུད་ཆེ་རུ་འགྲོ་བའི་སེམས་ཁྲལ་བྱུང་ཡོད། ཕེང་ཕེ་ཨའོ་ཡིས་བྲེལ་འཚུབ་ངང་ནས་དབུས་ཤར་དུ་བསྐྱོད་པའི་ཐོག་མའི་དམིགས་ཡུལ་དེ་ནི་མནའ་གྲོགས་ལ་སེམས་བཟོ་བཏང་བ་ཞིག་ཡིན་ཞིང་། ཐེ་རོན་ཕུས་དམག་མི་ཕྱིར་འཐེན་བྱས་པའི་གཏན་འབེབས་བྱས་པའི་ཤུགས་རྐྱེན་སེལ་ཆེད། དབུས་ཤར་རྒྱལ་ཁབ་ཁག་ལ་ཨ་རི་སི་རི་ཡ་ནས་ཕྱིར་འཐེན་བྱེད་མི་སྲིད་ཅེས་ཤོད་ཆེད་ཡིན་པ་རེད།

གཉིས་པ་ནི། ཐེ་རོན་ཕུའི་འགོ་ཁྲིད་འོག་ཨ་རིས་སླར་ཡང་དབུས་ཤར་ས་ཁུལ་དེ་ཕྱི་འབྲེལ་གྱི་གནས་གལ་ཆེན་ཞིག་ལ་བརྩིས་ཀྱི་ཡོད། ཐེ་རོན་ཕུས་འགན་འཁུར་ནས་ཉིན་བརྒྱའི་ནང་ཐོག་མར་འཚམས་འདྲི་ཞུ་ས་ནི་དབྱི་སི་རལ་དང་སོ་ཏི་ཨ་རབ་ཡིན་ཞིང་། ད་དུང་སོ་ཏི་ཨ་རབ་དང་ཨ་སྒོར་དུང་ཕྱུར་༡༡༠༠མཟིན་པའི་མཚོན་ཆའི་ཚོང་ཟོག་མངག་ཐོ་མཆན་འགོད་བྱས་ཡོད། སྤྱི་ལོ་༢༠༡༧ལོའི་ལོ་མཇུག་ཏུ། ཨ་རིའི་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་སྙན་ཞུ་ཞེས་པ་སྤེལ་བ་དང་། དབྱི་རན་དང་། ཀྲུང་གོ ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་པོ་དེ་དག་ཨ་རིའི་འགྲན་རྩོད་བྱེད་ས་གཙོ་བོར་འགྱུར་ཡོད། སྤྱི་ལོ་༢༠༡༨ལོའི་ཟླ་༥པར་ཐེ་རོན་ཕུས་དབྱི་རན་རྡུལ་ཉིང་གྲོས་ཆོད་ནས་དོན་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཨ་རིས་ད་བར་དུ་དབུས་ཤར་དེ་ཨ་རིའི་སྟོབས་ཤུགས་ཀྱི་ཁྱབ་ཁོངས་ལ་བརྩིས་ཀྱི་ཡོད་པ་དང་། གཙོ་གནད་དེ་འཇིགས་སྐུལ་ལ་ངོ་རྒོལ་བྱས་པ་ནས་དབྱི་རན་ལ་གྱུར་ཡོད། ད་ཐེངས་ཕེང་ཕེ་ཨའོ་ཡིས་ དབུས་ཤར་རྒྱལ་ཁབ་བརྒྱད་ལ་འཚམས་འདྲི་ཞུས་པ་ནི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནས་དབྱི་རན་ལ་ཁ་གཏད་གཅོག་པའི་སྐུལ་སློང་བྱ་ཆེད་ཡིན་པ་རེད།

གསུམ་པ། དབྱི་སི་རལ་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཕེང་ཕེ་ཨའོ་ཡི་ཐེངས་འདིའི་འགྲུལ་བཞུད་ཀྱི་ཁོངས་སུ་དབྱི་སི་རལ་ཚུད་མེད་ན་ཡང་། འོན་ཀྱང་དབྱི་སི་རལ་གྱི་ཆེད་དུ་ཡིན། དབྱི་སི་རལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཨ་རིའི་གཏན་ལ་ཕབ་པའི་ཕྱི་འབྲེལ་གྱི་སྲིད་ཇུས་ཡིན་ལ། ཐེ་རོན་ཕུ་ཡི་བྱེད་སྟངས་དེ་སྔོན་མ་དང་བསྡུར་ན་སྔར་བས་མངོན་སུམ་འཛེམ་མེད་ཡིན་པ་སྟེ། ཨ་རིའི་ཕྱི་འབྲེལ་གྱི་སྔར་སྲོལ་ལས་བརྒལ་ཏེ། དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཐུ་ལ་ཝེ་ཧྥུ་ནས་ཅེ་རུས་ས་ལེམ་དུ་སྤོས་པ་མ་ཟད། ད་དུང་དབྱི་སི་རལ་ལ་དགའ་ཉེ་སྟོན་པས་རྣམ་པའི་ཐོག་ནས་རང་ཉིད་ཀྱི་རྒྱལ་ནང་གི་རྒྱབ་སྐྱོར་བྱེད་ཚད་སྲ་བརྟན་དུ་བཏང་ཡོད་པ་རེད། ཨ་རིས་སེམས་ཐག་གཙང་བཅད་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་འཐབ་རྩོད་མདུང་རྩེ་དེ་དབྱི་སི་རལ་ནས་དབྱི་རན་གྱི་སྟེང་དུ་བསྒྱུར་བསམ་ཡོད་པ་རེད། ཕེང་ཕེ་ཨའོ་དང་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པོ་ཨར་ཏུན་གཉིས་ཨ་རིའི་ཆབ་སྲིད་ལས་རིགས་སུ་ཡུག་ཐེད་ལ་དགའ་ཉེ་སྟོན་པ་དང་། དབྱི་རན་ལ་ངོ་རྒོལ་བྱེད་མཁན་མི་སྣ་ཞིག་ཡིན། ཁོང་གཉིས་ལ་ཐེ་རོན་ཕུས་མཐོང་ཆེན་བྱས་པ་ནི་སྟེས་དབང་ཞིག་རྩ་བ་ནས་མིན།

ཐེངས་འདིའི་འགྲུལ་བཞུད་ཁྲོད། ཕེང་ཕེ་ཨའོ་ཡིས་གཟའ་འཁོར་གཅིག་གི་ནང་རྒྱལ་ཁབ་བརྒྱད་ལ་འཚམས་འདྲི་ཞུས་པ་དང་། འགྲུལ་བཞུད་ཛ་དྲག་པོ་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་བརྒྱད་པོ་དེ་དག་ནི་ཨ་རིས་སྐུལ་སྤེལ་བྱེད་བཞིན་པའི་དབུས་ཤར་འཐབ་ཇུས་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་རེད། ཨ་རབ་རྣམ་པའི་བྱང་ཆིངས་སྒྲིག་འཛུགས་འཛུགས་པའི་ཐད་ཨ་རིར་སྔ་ས་ནས་གྲ་སྒྲིག་བྱས་ཟིན་ཡོད་པ་རེད། ཕེང་ཕེ་ཨའོ་ཡི་ཐེངས་འདིའི་འགྲུལ་བཞུད་ནི་ཨ་རབ་རྒྱལ་ཁབ་ལ་མཚམས་སྦྱོར་ཡིན་པ་ལས་དབྱི་རན་གྲོགས་མེད་ཁེར་རྐྱང་དུ་འཇོག་པའི་ཆེད་དུ་ཡིན།

ཡིན་ན་ཡང་། ཕེང་ཕེ་ཨའོ་ཡི་འཚམས་འདྲི་ཞུ་སའི་རྒྱལ་ཁབ་ཀྱི་མིང་ཐོར་བལྟས་ཚེ། ཨ་རིའི་རེ་བ་ལྟར་གྲུབ་པའི་ངེས་པ་མེད། གོང་གསལ་གྱི་རྒྱལ་ཁབ་བརྒྱད་པོ་དེ་དག་གི་ཁྲོད་དུ་ཨ་རིར་རྒྱབ་སྐྱོར་ཅུང་བརྟན་པོ་བྱེད་མཁན་ནི་སོ་ཏི་ཨ་རབ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་ལིན་བཅས་ཡིན་ལ། རྒྱལ་ཁབ་འདི་གསུམ་པོ་ཨ་རིར་རྒྱབ་སྐྱོར་བྱེད་ངེས་རེད།་ཁ་ཐར་དང་ཨ་མོན་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་དབྱི་རན་དང་མཛའ་མཐུན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད་ལ། ཁ་ཐར་ཡིས་དེ་དོན་ལ་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་དང་ཕྱི་འབྲེལ་འབྲེལ་བ་གཅོད་པའི་རིན་དོད་འཇལ་ཡོད། ཨ་མོན་ནི་སྔོན་ཆད་ཨ་རི་དང་དབྱི་རན་གྱི་རྡུལ་ཉིང་གནད་དོན་ཐད་འོས་མེད་འགྲིག་ཐབས་བྱེད་མཁན་ཐོག་མ་དེ་ཡིན། དེར་བརྟེན་སོ་ཏི་ཨ་རབ་དང་དབྱི་རན་བར་བར་གཏོད་རྒྱུན་འཁྱོངས་བྱས་པ་ནི་ཁ་ཐར་དང་ཨ་མོན་གྱི་འདམ་ཁ་ཉག་ཅིག་དེ་རེད། ཨེ་ཅིབ་དང་ཅོར་ཏན་གྱི་ངོས་ནས་བརྗོད་ན། དབྱི་རན་དུ་གི་ཁོང་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་ལྡན་མེད་ནའང་ཨ་རི་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་ངོ་སོའི་ཆེད་དུ་འདམ་ཁ་མི་བྱེད་ཀ་མེད་ཡིན། ཁོ་ཝེ་ཐེ་ནི་དབྱི་རན་གྱི་་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ངེས་པར་དུ་ རང་ངོས་ཀྱི་བདེ་འཇགས་ལ་བསམ་གཞིགས་བྱེད་དགོས། ཨ་རི་ནི་དབུས་ཤར་གྱི་བཙན་བདག་ཡིན་ལ། དབུས་ཤར་རྒྱལ་ཁབ་ནང་ནས་དབྱི་རན་ཕུད་ཨ་རི་ལ་ངོ་རྒོལ་བྱེད་མཁན་མེད་པ་རེད། ཡིན་ནའང་། རྒྱལ་ཁབ་བརྒྱད་པོ་འདི་ཚང་མ་ཨ་རི་དང་དབྱི་རན་བར་ནས་ལངས་ཕྱོགས་འདེམས་དགོས་ཚེ་དཀའ་ངལ་ཡོད་པ་རེད།

ཐེ་རོན་ཕུ་ཡི་ཕྱི་འབྲེལ་སྲིད་ཇུས་མང་ཆེ་བ་གློ་བུར་ཏུ་བཏོན་པ་ཡིན་ལ། ཐ་ན་སྐབས་རེར་ཁོང་གི་བཀོད་ཇུས་ཚོགས་པའི་བསམ་ཡུལ་ལས་འདས་ཡོད། ཉེ་ཆར་ཨ་རིའི་མཐོ་རིམ་དཔོན་རིགས་ཀྱིས་བསྟན་པའི་རྣམ་འགྱུར་ལས། ཐེ་རོན་ཕུས་ཐེངས་འདིར་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་རང་ཉིད་ཀྱི་ཚོགས་པ་དང་གྲོས་བསྡུར་གཏན་ནས་བྱས་མྱོང་མེད་པ་གསལ་པོར་ཤེས་ཐུབ། སྲིད་ཇུས་བཏོན་རྗེས། སྐབས་དེའི་རྒྱལ་སྲང་པུའུ་ཀྲང་མ་ཏི་སིས་ལས་གནས་ནས་དགོངས་ཞུ་བྱས་པས་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ད་ལྟ་མེ་གསོད་རུ་མི་ལྟར་དབུས་ཤར་ས་ཁུལ་དུ་མེ་གསོད་ཀྱི་ལས་ཀ་སྒྲུབ་བཞིན་ཡོད།

འཛམ་གླིང་དམག་འཁྲུག་ཆེན་པོ་གཉིས་པ་མཇུག་སྒྲིལ་ནས་ལོ་ངོ༧༠རིང་། དབུས་ཤར་གནད་དོན་གྱི་ཨ་རིར་དཀའ་རྙོག་ཆེན་པོ་བཟོ་བཞིན་ཡོད་པ་དང་། ཨོ་པ་མས་སྔོན་ཆད་ཁུར་པོ་ཇེ་ཡང་དུ་གཏོང་འདོད་ཡོད་པ་དང་ཐེ་རོན་ཕུ་ཡིས་ཐ་ན་ལས་འགན་དེ་མི་གཞན་ལ་སྤྲོད་རྩིས་ཡོད་པ་རེད། འོན་ཀྱང་ཨ་རིའི་བཙན་བདག་གི་གནས་བབ་དོར་ཐབས་མེད་པས་ཨ་རིར་ངོ་རྒོལ་བྱེད་མཁན་དབྱི་རན་ལ་ངེས་པར་དུ་སྣོན་ཤུགས་སྤྲོད་དགོས། དེ་ནི་བཟུང་ན་ལག་པ་ཚིག་པ་དང་བཏང་ན་རྫ་མ་ཆག་པའི་དཔེ་ལྟར་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།