དབྱིན་ཇིའི་ཚགས་པར་གྱིས་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱིས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ་ཕྱིར་འགྱངས་བྱ་རྒྱུའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱིན་ཇིའི་གྲོས་ཚོགས་སྨད་པས་གཟའ་འཁོར་རྗེས་མར་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་ཁ་བྲལ་རྒྱུའི་ཐད་ཡོ་རོབ་མནའ་འབྲེལ་བར་བཞག་པའི་གྲོས་ཆོད་ལ་འཕེན་ཤོག་འཕངས་ནས་བརྡས་ཐག་གཅོད་རྒྱུ་ཡིན་པ་རེད། སྤྱི་ཚེས་༧ཉིན་དབྱིན་ཇིའི་སྨྱན་སྦྱོར་གྱིས། དབྱིན་ཇི་དང་ཡོ་རོབ་གྱི་དཔོན་རིགས་ཀྱིས《ལི་སི་པན་ཆིངས་ཡིག》གི་དོན་ཚན་༥༠པར་གཏན་འབེབས་བྱས་པའི་ཡོ་རོབ་ནས་ཁ་བྲལ་རྒྱུའི་ལོ་གཉིས་ཀྱི་གྲོས་མོལ་དུས་ཡུན་དེ་རིང་དུ་གཏོང་རྒྱུའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། ཡིན་ནའང་བཤད་ཚུལ་འདི་ལ་དབྱིན་ཇིའི་དབུ་ཞུགས་བློན་ཆེན་གཞུང་ལས་ཁང་གིས་ཁས་ལེན་ བྱས་མེད་པ་རེད།

དབྱིན་ཇིའི་སྨྱན་སྦྱོར་གྱིས་ད་དུང་། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཡོ་རོབ་ནས་ཁ་བྲལ་རྒྱུའི་གྲོས་ཆོད་དེ་གྲོས་ཚོགས་སུ་གྲོས་འཆམ་འབྱུང་བར་ཕན་པའི་བསམ་འཆར་བཏོན་ཡོད། འོན་ཀྱང་གྲོས་ཆོད་ལ་ཡང་བསྐྱར་གྲོས་བསྡུར་བྱ་རྒྱུའི་ཐད་སྐད་ཆ་ཅི་ཡང་བཤད་མེད་ཅེས་ཁྱབ་བསྒྲགས་བྱས་ཡོད།

སྤྱི་ཚེས་༧ཉིན། དབྱིན་ཇིའི《ཉིན་རེའི་གློག་འཕྲིན་ཚགས་པར》གྱིས་ཡོ་རོབ་མནའ་འབྲེལ་གྱི་མི་སྣ་གསུམ་གནས་ཚུལ་གྱི་འབྱུང་ཁུངས་སུ་བྱས་ཏེ་སྤེལ་བ་ལྟར་ན། དབྱིན་ཇིའི་དཔོན་རིགས་ཀྱིས་《ལི་སི་པེན་ཆིངས་ཡིག》གི་དོན་ཚན་༥༠པར་གཏན་འབེབས་བྱས་པའི་དུས་ཡུན་ཕྱིར་འགྱངས་བྱ་རྒྱུའི་ཐད་གཞན་གྱི་བཤད་སྟངས་ལ་རྩད་གཅོད་བྱས་ཏེ། ཆ་རྐྱེན་གང་འདྲ་ཞིག་གི་འོག་ཏུ་ཡོ་རོབ་མནའ་འབྲེལ་གྱིས་གྲོས་མོལ་དུས་ཡུན་རིང་དུ་གཏོང་བར་མོས་མཐུན་བྱེད་སྲིད་པར་ཉམས་ཚོད་ལེན་བཞིན་ཡོད།

ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་མི་སྣ་ཞིག་གིས། དབྱིན་ཇི་ཕྱོགས་ཀྱིས་ཉེ་ཆར་གཞི་ནས་དོན་དག་འདི་གླེང་བ་རེད། འོན་ཀྱང་ང་ཚོས་འབྲེལ་ཡོད་ཀྱི་གནས་ཚུལ་སྔར་ལས་མང་བ་ཐོས་མྱོང་ཡོད། ང་ཚོས་ཚོད་དཔག་བྱས་པ་ལྟར་ན། འདི་ནི་དབྱིན་ཇིའི་གྲོས་ཚོགས་ནང་ཁུལ་གྱི་གླེང་མོལ་གཞིར་བྱས་པ་ཞིག་རེད།

《ལི་སི་པེན་ཆིངས་ཡིག》གི་དོན་ཚན་༥༠པར་གཏན་འབེབས་བྱས་པ་ལྟར་ན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་སྐབས་ངེས་པར་དུ་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་བླངས་བྱ་དང་མཐུན་དགོས་ཏེ། རང་རྒྱལ་ཁབ་ཀྱི་ཁྲིམས་མཐུན་སྒོ་ནས་འདེམས་བསྐོ་བྱས་པའི་སྲིད་གཞུང་དང་མི་དམངས་ཀྱི་ཁས་ལེན་ཐོབ་དགོས། ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ་ཁྱབ་བསྒྲགས་བྱས་པ་ནས་ལོ་གཉིས་སོང་རིང་། ཁོངས་གཏོགས་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་ཞིབ་ཕྲའི་གོ་རིམ་དང་། ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྗེས་ཕྱོགས་གཉིས་ཀའི་འབྲེལ་འདྲིས་ཀྱི་སྒྲོམ་གཞིའི་ཐད་ཡོ་རོབ་མནའ་འབྲེལ་དང་གྲོས་བསྡུར་བྱས་ཏེ་གྲོས་ཆོད་འཇོག་དགོས།

《ཉིན་རེའི་གློག་འཕྲིན་ཚགས་པར》གྱིས། དབྱིན་ཇིའི་དཔོན་རིགས་ཀྱིས་གཞན་གྱི་བཤད་སྟངས་ལ་རྩད་གཅོད་བྱེད་པའི་རྒྱུ་རྐྱེན་ནི། ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་གྲོས་ཆོད་དེ། སྤྱི་ཟླ་༣པའི་ཚེས་༢༩ཉིན་གྱི་གོང་དུ་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་སྟེ་དངོས་སུ་ནུས་པ་ཐོན་དཀའ་བར་སེམས་ཁྲལ་བྱས་པས་རེད།

དོན་ཚན་༥༠པར་གཏན་འབེབས་བྱས་པའི་དུས་ཡུན་ཇེ་རིང་དུ་གཏོང་དགོས་ཚེ་ངེས་པར་དུ་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མའི་མོས་མཐུན་བརྒྱུད་དགོས། ཡོ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཤིག་གིས་དེའི་གོང་ཤུགས་སུ་བསྟན་པ་སྟེ། དབྱིན་ཇིས་ཐབས་རྩལ་རང་བཞིན་གྱི་ཕྱིར་འགྱངས་དུས་ཚོད་སྤྲད་ནས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་ཁ་བྲལ་བའི་གྲོས་ཆོད་ཀྱིས་གོ་ཆོད་པ་བྱ་རྒྱུར་སྟབས་བདེ་བསྐྲུན་པའམ་ དབྱིན་ཇིས་གྲོས་ཚོགས་ཀྱི་འདེམས་བསྐོ་དང་སྤྱི་དམངས་ནས་འདེམས་ཤོག་འཕེན་པ་ལེགས་འགྲུབ་བྱ་རྒྱུར་དུས་ཚོད་འདང་ངེས་སྤྲོད་བཟོ་ཡོད། འོན་ཀྱང་དུས་ཡུན་དེ་ད་ལོའི་སྤྱི་ཟླ་བདུན་པའི་ཚེས་དྲུག་སྟེ་སྐབས་གསར་པའི་ཡོ་རོབ་གྲོས་ཚོགས་ཀྱིས་དངོས་སུ་ལས་འགན་བཞེས་པའི་བར་དུ་འགོར་འགྱངས་བྱེད་མི་སྲིད་ཅེས་གསུངས་པ་རེད།

གོང་གསལ་གནས་ཚུལ་ལ་གཞིགས་ཏེ། སྤྱི་ཚེས་༧ཉིན་དབྱིན་ཇིའི་དབུ་ཞུགས་བློན་ཆེན་གྱི་གཞུང་ལས་ཁང་གི་མགྲིན་ཚབ་པས་ཡང་བསྐྱར་ལུའུ་ཐའུ་གསར་འགྱུར་ཁང་གི་གསར་འགོད་པར། དབྱིན་ཇི་དུས་ཆད་ལྟར་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ་ཡིན་ལ། དོན་ཚན་༥༠པའི་དུས་ཡུན་ཇེ་རིང་དུ་གཏོང་མི་སྲིད་ཅེས་གསུངས་པ་རེད།

ཡོ་རོབ་མནའ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་ཡོ་རོབ་གླིང་ཁྲིམས་ཁང་གིས་ཟླ་གོང་མར། དབྱིན་ཇི་ཕྱོགས་གཅིག་པུས་ཡོ་རོབ་མནའ་འབྲེལ་ལས་ཐོན་རྒྱུའི་ཐག་གཅོད་ཕྱིར་འཐེན་བྱེད་ཆོག་པ་སྟེ། དོན་ཚན་༥༠པའི་བརྡ་སྦྱོར་ཡི་གེ་ངོ་མ་སྤེལ་རྒྱུ་ཕྱིར་འཐེན་བྱེད་ཆོག་པའི་ཁྲུན་ཐག་བཅད་ཡོད་པ་རེད། ལུའུ་ཐའུ་གསར་འགྱུར་ཁང་གི་བཤད་ཚུལ་ལྟར་ན། འདིས་ཡོ་རོབ་མནའ་འབྲེལ་ནང་སྡོད་འདོད་བྱེད་མཁན་ཤོག་ཁག་གི་མི་སྣས། ཡང་བསྐྱར་སྤྱི་དམངས་ཀྱིས་འཕེན་ཤོག་འཕེན་པར་བརྟེན་ནས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་ཕྱིར་ཐོན་བྱ་རྒྱུར་བཀག་འགོག་བྱ་རྒྱུའི་སྔོན་དཔག་བྱེད་དུ་བཅུག་ཡོད་པ་རེད།

ལུའུ་ཐའུ་གསར་འགྱུར་ཁང་གིས་ཉིན་དེར་ཡོ་རོབ་མནའ་འབྲེལ་གྱི་མི་སྣས་འདོན་སྤྲོད་བྱས་པའི་ཆ་འཕྲིན་ལུང་དུ་དྲངས་ཏེ་གནས་ཚུལ་སྤེལ་བ་ལྟར་ན། ཡོ་རོབ་མནའ་འབྲེལ་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལི་ཧྲ་མེར་རོགས་རམ་བྱས་ནས་ཡོ་རོབ་མནའ་འབྲེལ་ལས་ཐོན་རྒྱུའི་གྲོས་ཆིངས་ཐད་གྲོས་ཚོགས་ཁང་གི་རྒྱབ་སྐྱོར་ཐོབ་པ་བྱ་རྒྱུའི་ཐད་བསམ་གཞིགས་བྱེད་བཞིན་ཡོད་པ་རེད།

ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས། ཐེ་ལི་ཧྲ་མེས་ན་ནིང་གི་སྤྱི་ཟླ་༡༢པའི་ཡོ་རོབ་མནའ་འབྲེལ་དབུ་ཚོགས་ཐོག་གྲོས་གཞི་བཏོན་ཏེ། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་ཕྱོགས་གཉིས་ཀྱིས་སྤྱི་ལོ་༢༠༢༡ལོའི་ལོ་མཇུག་གི་སྔོན་ལ་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་ཉོ་ཚོང་གྲོས་ཆོད་གསར་པར་གྲོས་འཆམ་ཡོང་བ་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཅེས་བརྗོད་ཡོད་པ་རེད།

འདི་ལྟར་བྱས་ཚེ། ཡོ་རོབ་མནའ་འབྲེལ་ལས་ཕྱིར་ཐོན་བྱ་རྒྱུའི་གྲོས་ཆིངས་ཁྲོད་ཀྱི་ཨིར་ལན་མཐའ་མཚམས་དང་འབྲེལ་བའི་ཁག་ཐེག་ཇུས་གཞི་ལག་བསྟར་བྱ་རྒྱུ་མིན་པ་རེད། རྒྱུ་མཚན་ནི་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་ཕྱོགས་གཉིས་ཀྱིས་སྔོན་ཆད་གྲོས་ཐག་བཅད་ཡོད་དེ། ཕྱོགས་གཉིས་པོའི་འབྲེལ་བ་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་པའི་ཡོ་རོབ་མནའ་འབྲེལ་ལས་ཐོན་རྗེས་པའི་བར་བརྒལ་དུས་ཚོད་དེ་སྤྱི་ལོ་༢༠༢༢ལོའི་དུས་སྐབས་ག་གེ་མོར་གཞི་ནས་མཇུག་སྒྲིལ་རྒྱུ་ཡིན་པ་རེད།

འོན་ཀྱང་། ལུའུ་ཐོའུ་གསར་འགྱུར་ཁང་གི་བཤད་ཚུལ་ལྟར་ན། ཡོ་རོབ་མནའ་འབྲེལ་ཕྱོགས་ནས་དབྱིན་ཇིའི་གོང་གསལ་གྱི་གྲོས་གཞིར་ཁས་ལེན་ཁ་གསལ་བྱས་མེད་པ་རེད།

དབྱིན་ཇིར་ཡོ་རོབ་མནའ་འབྲེལ་གྱི་ལངས་ཕྱོགས་ཐད་གསལ་བཤད་ཞིབ་མོ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཡོ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཀྱིས། དབྱིན་ཇི་སྲིད་གཞུང་དང་ཁྲིམས་ལུགས་ཀྱི་ཡིག་ཆ་བརྗེ་པོ་བརྒྱབ་སྟེ། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་མ་འོངས་པའི་ཉོ་ཚོང་གི་ཆོད་ཡིག་ལེགས་འགྲུབ་བྱུང་བའི་སྔོན་དཔག་དུས་ཚོད་གཏན་འཁེལ་བྱེད་རྒྱུ་ཡིན་མོད། འོན་ཀྱང་ཡོ་རོབ་མནའ་འབྲེལ་ཕྱོགས་ནས་ཁྲིམས་ལུགས་ཀྱི་ཡིག་ཆ་དང་གཏན་འཁེལ་ཟིན་པའི་ཡིག་རིགས་ཀྱི་བརྗོད་ཚུལ་གཅིག་མཐུན་མིན་པའི་དོགས་སྣང་བྱེད་ཀྱི་ཡོད།

ད་ཡོད་ཀྱི་ཡོ་རོབ་མནའ་འབྲེལ་ལས་ཐོན་རྒྱུའི་གྲོས་ཆིངས་ཀྱི་དོན་ཚན་ལ་དག་བཅོས་བྱེད་པའི་ཐད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་དབུ་ཞུགས་མགྲིན་ཚབ་པ་མ་ཅ་ལི་ཏི་སི་སི་ཅི་ན་སི་ཡིས་སྤྱི་ཚེས་༧ཉིན། ད་ལྟ་མདུན་དུ་ཡོད་པའི་གྲོས་ཆིངས་ནི་ཆེས་ལེགས་ཤོས་དང་གྲོས་འཆམ་འབྱུང་སྲིད་པ་ཁོ་ན་དེ་ཡིན་པས། གྲོས་ཆིངས་ལ་ཡང་བསྐྱར་གྲོས་མོལ་བྱེད་མི་སྲིད་ཅེས་བསྐྱར་བཤད་བྱས་ཡོད་པ་རེད།

ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨོ་ཡིས་དེ་ཉིན་ཡོ་རོབ་མནའ་འབྲེལ་ལས་ཐོན་རྒྱུའི་སྐོར་གླེང་བ་དང་། ཁོང་གིས་ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ་ལ། ཡོ་རོབ་མནའ་འབྲེལ་དང་དབྱིན་ཇིས་བཙན་ཤེད་ཀྱིས་ཡོ་རོབ་མནའ་འབྲེལ་ལས་ཐོན་རྒྱུས་ཨ་རི་དང་དབྱིན་ཇི། ཡོ་རོབ་མནའ་འབྲེལ་བཅས་ཀྱི་ཚོང་ལས་དང་། ཉོ་ཚོང་། དེ་བཞིན་རྒྱལ་ཁབ་བདེ་འཇགས་ཀྱི་གྲོས་གཞི་ལ་མཇུག་འབྲས་མི་ལེགས་པ་འབྱུང་བར་གཡོལ་ཅི་ཐུབ་བྱེད་དགོས་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་བརྟན་རྡོ་རྗེ། རིན་ཆེན་འཚོ།