རེས་འཁོར་བཅུ་གཅིག་པའི་ཀྲུང་གོ་དང་ཨ་རིའི་བཟོ་ཚོང་སྣེ་ཁྲིད་པ་དང་དེ་སྔའི་དཔོན་རིགས་ཀྱི་གླེང་མོལ་ཝ་ཧྲིང་ཐོན་དུ་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་དང་ཨ་རིའི་རྒྱལ་ཡོངས་ཚོང་ཚོགས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་རེས་འཁོར་བཅུ་གཅིག་པའི་ཀྲུང་གོ་དང་ཨ་རིའི་བཟོ་ཚོང་སྣེ་ཁྲིད་པ་དང་དེ་སྔའི་དཔོན་རིགས་ཀྱི་གླེང་མོལ་དེ་སྤྱི་ཚེས་༤་ཉིན་ཝ་ཧྲིང་ཐོན་དུ་སྤེལ་བ་རེད། ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་པ་ཙེང་ཕེ་ཡན་དང་ཨ་རིའི་རྒྱལ་ཡོངས་ཚོང་ཚོགས་ཀྱི་ཚོགས་གཙོ་ཏུའོ་ནུ་ཧུ། དེ་བཞིན་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་སྣེ་ཁྲིད་པ་དང་དེ་སྔའི་སྲིད་གཞུང་གི་དཔོན་རིགས། ཆེད་མཁས་པ་སོགས་འཐུས་མི་སུམ་ཅུ་ལྷག་གླེང་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

ཐེངས་འདིའི་གླེང་མོལ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུ་གཉིས་མཇལ་འཛོམས་གནང་རྗེས། ཀྲུང་གོའི་ཕྱོགས་ནས་ཨ་རིར་འཚམས་འདྲིར་ཕེབས་པའི་བཟོ་ཚོང་སྣེ་ཁྲིད་པ་དང་དེ་སྔའི་དཔོན་རིགས། ཆེད་མཁས་སོགས་ཀྱི་འཐུས་ཚབ་ཚོགས་པ་ཐོག་མ་དེ་ཡིན། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཨ་ཀེན་ཐིན་དུ་མཇལ་འཛོམས་གནང་བ་ནི། མ་འོངས་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཁ་ཕྱོགས་གསལ་སྟོན་གནང་བ་ཡིན་ལ། སྐྱོན་བྲལ་བརྟན་ལྷིང་གི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་གཞི་རྩའི་ཁེ་ཕན་དང་མཐུན་པ་དང་། ཕྱོགས་གཉིས་འབྲེལ་བ་གང་མགྱོགས་དྲང་ལམ་དུ་བསྐྱོད་པར་སྐུལ་འདེད་བྱེད་རྒྱུ་ནི། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་ཡིན། མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་རི་གཉིས་ཀྱི་ཡང་དག་པའི་གདམ་ག་གཅིག་པུ་དེ་ཡིན་པས། མཐོ་སར་འཛེགས་ཏེ་རྒྱང་ལྟ་བྱེད་པ་དང་། མུ་མཐུད་ནས་འབྲེལ་འདྲིས་བྱས་ཏེ་ཕྱོགས་འགལ་མེད་པར་བཟོ་བར་ཤུགས་སྣོན་རྒྱག་དགོས་པར་གཅིག་མཐུན་གྱི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།