ཀྲུང་གོ་དང་ལ་ཏེན་ཨ་མེ་རེ་ཁས་ལག་གདང་སྦྲེལ་ནས་གོང་འཕེལ་གྱི་ཕན་ཁེ་མཉམ་སྤྱོད་བྱེད།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༡པའི་ཚེས་༢༩ཉིན་ནས་སྤྱི་ཟླ་༡༢པའི་ཚེས་༣ཉིན་བར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སིར་གཉེར་བའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་གནང་བ་དང་། ཁག་སོ་སོར་ཨ་ཀེན་ཐིན་དང་། ཕ་ན་མར་རྒྱལ་དོན་འཚམས་འདྲི་གནང་ཡོད།

དབྱི་ཞིབ་པས། ཐེངས་འདིའི་འཚམས་འདྲི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ལ་ཏེན་ཨ་མེ་རི་ཁར་འཚམས་འདྲི་དང་པོ་གནང་བ་ཞིག་ཡིན་པ་དང་། འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། དུས་རབས་གསར་པའི་ཀྲུང་ལའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། འགོ་གཙོའི་ཕྱི་འབྲེལ་གྱི་སྣེ་ཁྲིད་འོག ཀྲུང་ལའི་འབྲེལ་བ་གོང་འཕེལ་རྒྱུན་ཆད་མེད་པ་བྱུང་བ་དང་། མཉམ་ལས་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། ཕྱོགས་གཉིས་པོས་དེ་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་ཆེད་མཉམ་དུ་མདུན་སྐྱོད་བྱེད་པ་མ་ཟད། མཉམ་ལས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད་ཅེས་བསྟན་འདུག

ཐེངས་འདིའི་འཚམས་འདྲི་ནི་ཞི་ཅིང་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གནང་ཚུན་ལ་ཏེན་ཨ་མེ་རི་ཁར་འཚམས་འདྲི་གནང་ཐེངས་བཞི་པ་ཡིན། ལ་ཏེང་ཨ་མེ་རེ་ཁར་འཚམས་འདྲི་ཐེངས་བཞི་ཕེབས་པའི་རིང་། ཞིའི་ཀྲུའུ་ཞིས་ལ་ཏེན་ཨ་མེ་རེ་ཁ་དང་ཅ་ལི་པིའི་རྒྱལ་ཁབ་བཅུ་གྲངས་ལ་ཕེབས་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་འཛོམས་སར་ས་ཁུལ་དེར་ཕྱི་འབྲེ་འབྲེལ་བ་བཙུགས་ཟིན་པའི་རྒྱལ་ཁབ་ཚང་མའི་དབུ་ཁྲིད་དང་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་ཐད་ཐུན་མོང་ངོས་འཛིན་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ལ་ཏེན་ཨ་མེ་རེ་ཁའི་རྒྱལ་ཁབ་མང་པོའི་དབུ་ཁྲིད་མི་སྣས་ཀྱང་ཀྲུང་གོར་འཚམས་འདྲི་གཅིག་མཇུག་གཉིས་མཐུད་གནང་བ་དང་། མཉམ་དུ་མཉམ་ལས་ཀྱི་ཇུས་ཆེན་འདིང་རྒྱུའི་ཐད་གྲོས་བསྡུར་གནང་ཡོད། འགོ་གཙོའི་ཕྱི་འབྲེལ་གྱི་སྣེ་ཁྲིད་དང་སྐུལ་འདེད་འོག ཀྲུང་གོ་དང་ལ་ཏེན་ཨ་མེ་རེ་ཁས་མཉམ་དུ་འདྲ་མཉམ་གཉིས་ཕན་དང་། ཐུན་མོང་གོང་འཕེལ་གྱི་ཀྲུང་གོ་དང་ལ་ཏེན་ཨ་མེ་རེ་ཁའི་ཁྱོན་ཡོངས་མཉམ་ལས་རོགས་པའི་འབྲེལ་བ་བཙུགས་པ་དང་། ཀྲུང་གོ་དང་ལ་ཏེན་ཨ་མེ་རེ་ཁའི་འབྲེལ་བའི་༼གནས་ལྔ་གཞི་གཅིག་༽གི་སྒྲིག་གཞི་གསར་པ་གཏོད་པ། ཀྲུང་གོ་དང་ལ་ཏེན་ཨ་མེ་རེ་ཁའི་ལས་དབང་གཅིག་མཐུན་མ་ལག་གི་འཆར་གཞི་གསར་པ་བཏིང་ཡོད།

ཨེ་ཁྭ་ཏོར་གྱི་ཨ་ཤེ་ཡའི་གནད་དོན་གྱི་རིག་གཅིག་མཁས་པ་ཧྲེན་ཏེ་ཡ་ཀེ་ ཨོར་ཝེ་ཡིས། ཞིའི་ཀྲུའུ་ཞི་ད་ཐེངས་འཚམས་འདྲིར་ཕེབས་གནང་བ་དེས་ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁའི་འགོ་ཁྲིད་པའི་བར་གྱི་འབྲེལ་བ་ཟབ་ཏུ་བཏང་ཡོད། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁ་ཕྱོགས་གཉིས་པོའི་འགོ་ཁྲིད་ཀྱི་དཔང་པོ་གནང་བ་དང་སྐུལ་འདེད་བཏང་བའི་འོག རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་མཉམ་ལས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་དང་། འདྲ་མཉམ་གཉིས་ཕན་གྱི་ལོ་རྒྱུས་རང་བཞིན་གྱི་མཉམ་ལས་འབྲེལ་བ་འཛུགས་རྒྱུ། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁའི་ལས་དབང་གཅིག་ཐུན་མ་ལག་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་ཞེས་བསྟན་འདུག དབྱི་ཞིབ་པས། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁའི་འགོ་ཁྲིད་པས་གཏན་འཁེལ་གནང་བའི་ཕྱོགས་གཉིས་མཉམ་ལས་འདུ་ཤེས་ད་དུང་མུ་མཐུད་ལག་བསྟར་བྱེད་དགོས། མིག་སྔར། ཀྲུང་གོ་དང་ལ་ཏེན་ཨ་མེ་རེ་ཁའི་རྒྱལ་ཁབ་བར་ཕྱོགས་མང་མཉམ་ལས་ཀྱི་སྒྲིག་གཞི་བཙུགས་ཟིན་པ་དེས། ཕྱོགས་གཉིས་མཉམ་ལས་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱས་ཡོད་ཅེས་བསྟན་འདུག

༢༠༡༤ལོའི་ཟླ་བ་༧པར། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁའི་འགོ་ཁྲིད་ནས་མགྲིན་གཅིག་ཏུ་འདྲ་མཉམ་གཉིས་ཕན་དང་། ཐུན་མོང་གོང་འཕེལ་གྱི་ཀྲུང་གོ་དང་ལ་ཏེན་ཨ་མེ་རེ་ཁའི་ཁྱོན་ཡོངས་མཉམ་ལས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་གནང་བ་མ་ཟད། མཉམ་དུ་ཀྲུང་གོ་དང་ལ་ཏེན་ཨ་མེ་རེ་ཁའི་ཐུན་མོང་གླེང་སྟེགས་འཛུགས་རྒྱུ་ཁྱབ་བསྒྲགས་གནང་ཡོད། ༢༠༡༥ལོའི་ཟླ་བ་༡པོའི་ཚེས་༨ཉིན་ནས་ཚེས་༩ཉིན་བར། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁའི་ཐུན་མོང་གླེང་སྟེགས་ཀྱི་སྐབས་དང་པོའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་པེ་ཅིང་དུ་ཚོགས་པ་དང་། དེས་ཕྱོགས་གཉིས་པོའི་སྤྱི་ཡོངས་མཉམ་ལས་བསམ་ཚོད་ནས་ལག་ལེན་དངོས་ལ་འགྱུར་བ་མཚོན་ཡོད། མོ་ཞི་ཁོའི་ཕུ་ཨེ་པུ་ལྷ་བྱས་རྗེས་རང་སྐྱོང་སློབ་ཆེན་ཀྲུང་གོའི་གནད་དོན་གྱི་རིག་གཅིག་མཁས་པ་ལ་ཁེར་ ལའེ་ཨང་ སྡེ་ལྷ་ལོ་སས། ཀྲུང་ལ་ཐུན་མོང་གླེང་སྟེགས་འོག་ཏུ་ཚན་རྩལ་དང་། སྲིད་ཏང་སོགས་ཡན་ལག་གླེང་སྟེགས་མང་པོ་དབྱེ་བ་དང་། ཡན་ལག་གླེང་སྟེགས་ཁག་ལ་སོ་སོའི་བྱེད་ནུས་མི་འདྲ་བ་ལྡན་ཡོད། དེས་ཆེད་ལས་མཁས་པ་དེ་བས་མང་བ་གླེང་མོལ་ནང་ཞུགས་རྒྱུར་ཕན་ཐོགས་ཡོད་ལ་གནད་དོན་ཐག་གཅོད་བྱེད་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བསྟན་འདུག

གཞན་ཡང་། ཀྲུང་གོས་ལ་ཏེན་ཨ་མེ་རི་ཁའི་རྒྱལ་ཁབ་མང་པོ་དང་༼རྒྱུད་གཅིག་ལམ་གཅིག་༽མཉམ་བསྐྲུན་གྱི་མཉམ་ལས་བསམ་ཤེས་རྗེས་ཐོར་མིང་རྟགས་བཀོད་ཡོད། ཨོར་ཝེ་ཡིས། ༼རྒྱུད་གཅིག་ལམ་གཅིག་༽གི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དེས་ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁས་༼རྒྱུད་གཅིག་ལམ་གཅིག་༽འབོད་སྐུལ་སྒྲོམ་གཞིའི་འོག་གི་གྲོས་ཆོད་ཁག་ལ་གྲོས་བསྡུར་དེ་བས་གཏིང་ཟབ་བྱེད་རྒྱུར་ཕན་ཐོགས་ཡོད་པ་སྟེ། དཔེར་ན་དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཉོ་ཚོང་དང་བཟོ་ལས་སོགས་ཁྱབ་ཁོངས་ཚུད་པ་དང་། གཞན་ཡང་ལ་ཏེན་ཨ་མེ་རི་ཁར་གོང་འཕེལ་གྱི་འགོག་རྐྱེན་སེལ་རོགས་བྱེད་པ། ལ་ཏེན་ཨ་མེ་རི་ཁར་གོང་འཕེལ་གྱི་འགུལ་ཤུགས་འཚོལ་རོགས་བྱེད་པ་སོགས་ཡོད་པའི་ངོས་འཛིན་བྱས་འདུག

དབྱི་ཞིབ་པས། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁའི་རྒྱལ་ཁབ་མང་པོ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་ཚུད་པས། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁ་འཛམ་གླིང་བཅོས་སྐྱོང་དང་། རྒྱུན་མཐུད་གོང་འཕེལ་སོགས་རྒྱལ་སྤྱི་དང་རྒྱལ་་ནང་གོང་འཕེལ་གྱི་གནད་དོན་ཐད་ཐུན་མོང་གི་འགྲན་རྩོད་འཕྲད་ཡོད། ཀྲུང་གོ་དང་ལ་ཏེན་ཨ་མེ་རི་ཁ་གཉིས་ཕན་ཚུན་ཤེས་རྟོགས་དང་། མཉམ་ལས་ཟབ་མོ། ཕན་ཚུན་སློབ་སྦྱོང་བཅས་བྱས་ན། གཞི་ནས་མཉམ་དུ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་ཐུབ་པ་དང་། གཞི་ནས་གོང་འཕེལ་གྱི་ཁེ་ཕན་མཉམ་སྤྱོད་བྱེད་ཐུབ་ཅེས་བསྟན་ཡོད།

མོ་ཞི་ཁོའི་རྒྱལ་བཙུགས་སློབ་ཆེན་ཀྲུང་གོ་དང་མོ་ཞི་ཁོ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དབྱི་གེ་ན་ཤེ་ཨོ་ མ་ཏིང་ནེ་སེ་ ཁེར་ཐེ་སིས། ལ་ཏེན་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་གོང་འཕེལ་ལ་མཉམ་དུ་རྒྱབ་སྐྱོར་བྱེད་པ་དེ། གཞི་ནས་འཛམ་གླིང་དཔལ་འབྱོར་གནད་དོན་ཐག་གཅོད་བྱེད་པའི་རྣམ་འགྱུར་བཟང་པོ་དང་འགྲོ་ལམ་ཡག་པོ་རེད་ཅེས་བསྟན་འདུག

མིག་སྔར། ཀྲུང་གོ་ནི་ལ་ཏེན་ཨ་མེ་རི་ཁའི་ཉོ་ཚོང་རོགས་པའི་རྒྱལ་ཁབ་ཆེ་བ་གཉིས་པ་དང་མ་འཇོག་རྒྱལ་ཁབ་ཆེ་བ་གསུམ་པ་ཡིན། ལ་ཏེན་ཨ་མེ་རི་ཁར་མ་འཇོག་ལས་བསྐྲུན་བྱེད་མཁན་གྱི་ཀྲུང་གོའི་ཁེ་ལས་༢༠༠༠ལས་བརྒལ་བ་དང་། རིམ་རྩིས་བྱས་ན་ས་གནས་དེ་གར་ལས་ཞུགས་ལས་གནས་ས་ཡ་༡དང་༨འབུམ་མཁོ་འདོན་བྱས་ཡོད། དེ་དང་དུས་མཚུངས། ཀྲུང་གོས་ལ་ཏེན་ཨ་མེ་རེ་ཁའི་རྒྱལ་ཁབ་ལ་མ་འཇོག་བྱེད་པའི་ཁྱབ་ཁོངས་ཉིན་རེ་བཞིན་རྒྱ་ཆེར་ཕྱིན་པ་དེས། ལ་ཏེན་ཨ་མེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་གྲུབ་ཆ་ལེགས་བཅོས་ལ་སྐུལ་འདེད་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།