ཕུ་ཅིང་གིས་ཨ་རི་ནས་ཨུ་རུ་སུས་འབྲིང་འཕེན་མེ་ཤུགས་འཕུར་མདེལ་མེད་པར་བཟོ་བའི་ཆིང་ཡིག་ལས་བརྒལ་བར་ཁུངས་ལུང་བསྟན་རྒྱུ་མིན་འདུག་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༥ཉིན་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཨ་རིས་ཨུ་རུ་སུས་འབྲིང་འཕེན་མེ་ཤུགས་འཕུར་མདེལ་མེད་པར་བཟོ་བའི་ཆིང་ཡིག་ལས་བརྒལ་བ་ཞེས་བཤད་པར་སྐྱོན་འཛུགས་གནང་བ་མ་ཟད། ཁུངས་ལུང་གང་ཡང་བསྟན་རྒྱུ་མིན་འདུག་ཅེས་གསུངས་པ་རེད། སྤྱི་ཚེས་༥ཉིན་ཐ་སི་གསར་འགྱུར་ཁང་གིས་ཕུ་ཅིང་གི་སྐད་ཆ་ལུང་དུ་དྲངས་ནས་གནས་ཚུལ་སྤེལ་ཏེ། ཨ་རིའི་ཕྱོག་ནས་དེའི་གོང་འབྲིང་འཕེན་མེ་ཤུགས་འཕུར་མདེལ་མེད་པར་བཟོ་བའི་ཆིང་ཡིག་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། དེའི་རྗེས་སུ་གཞི་ནས་རང་སོ་སོས་སྟོན་པའི་ཕྱིར་འཐེན་བྱ་རྒྱུའི་གཏམ་བཤད་ཐད་ལ་གནས་ལུགས་རྒྱུ་མཚན་བཙལ་འཚོལ་བྱས་ཡོད། ཨ་རིའི་ཕྱོགས་ནས་རང་ཉིད་འབྲིང་འཕེན་མེ་ཤུགས་འཕུར་མདེལ་མེད་པར་བཟོ་བའི་ཆིང་ཡིག་ལས་ཕྱིར་འཐེན་བྱ་རྒྱུའི་གནས་ལུགས་རྒྱུ་མཚན་ཨུ་རུ་སུས་ཆིང་ཡིག་ལས་བརྒལ་བའི་ཐོག་ཏུ་བསྡོམས་ཡོད། འོན་ཀྱང་དེའི་དོན་དུ་ཁུངས་ལུང་བསྟན་རྒྱུ་མེད་ཅེས་བཤད་ཡོད། ཕུ་ཅིང་གིས་མདེལ་ལམ་མེ་ཤུགས་འཕུར་མདེལ་གྱི་མ་ལག་ལ་རྒོལ་བའི་ཚད་བཀག་ཆིང་ཡིག་ནི་དེ་སྔོན་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་རྨང་གཞི་ཡིན་མོད། ཡིན་ནའང་ཨ་རིའི་ཕྱོགས་ནས་སྤྱི་ལོ་༢༠༠༡ལོར་ཕྱོགས་རྐྱང་པས་ཆིང་ཡིག་དེ་ལས་ཕྱིར་འཐེན་བྱས་ཡོད་ཅེས་ཁ་གསབ་ཏུ་གསུངས་ཡོད་པ་རེད།

ཕུ་ཅིང་གིས། ཨ་རིའི་ཕྱོགས་ནས་འབྲིང་འཕེན་མེ་ཤུགས་འཕུར་མདེལ་མེད་པར་བཟོ་བའི་ཆིང་ཡིག་ལས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་མ་བྱས་གོང་དུ་མེ་ཤུགས་འཕུར་མདེལ་དང་འབྲེལ་ཡོད་ཞིབ་བཟོའི་ཐད་ལ་མ་དངུལ་གཏོང་སྤྲོད་བྱས་ཟིན། འདིའི་ཐོག་ནས་ཨ་རིའི་ཕྱོགས་ཀྱིས་དེའི་དོན་དུ་སྔ་ས་ནས་གཏན་འེ་བྱས་ཟིན་པ་མཐོང་ཐུབ། ཨུ་རུ་སུའི་ཕྱོགས་ནས་ཨ་རིའི་རྒྱལ་སྲུང་སྔོན་རྩིས་འཕར་སྣོན་འགྲོ་བར་དོ་སྣང་བྱུང་། ཨ་རིས་ཆིང་ཡིག་དེ་ལས་ཕྱིར་འཐེན་བྱས་པའི་རྗེས་ཁ་གཡར་ས་བཙལ་བ་མ་ཟད་རྒྱུན་ལྡན་གོམས་འདྲིས་སྒོ་ནས་ཨུ་རུ་སུར་སྐྱོན་འཛུགས་བྱས་ཡོད་ཅེས་དང་། ཕུ་ཅིང་གིས་ཨུ་རུ་སུས་འབྲིང་འཕེན་མེ་ཤུགས་འཕུར་མདེལ་མེད་པར་བཟོ་བའི་ཆིང་ཡིག་ལ་གཏོར་བཤིག་གཏོང་བར་ངོ་རྒོལ་བྱེད་རྒྱུ་ཡིན། གལ་སྲིད་ཨ་རིས་ཆིང་ཡིག་དེ་ནས་ཕྱིར་འཐེན་བྱས་ཚེ། ཨུ་རུ་སུའི་ཕྱོག་ནས་དེ་ལ་ལན་ཆ་བྱ་རྒྱུ་ཡིན་ཞེས་ནན་གསུངས་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།