གསར་གཏོད་རྣམ་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་གལ་ཆེའི་སྒུལ་ཤུགས་ཏེ། ཕྱི་རྒྱལ་བས་དམངས་གཉེར་དཔལ་འབྱོར་གོང་འཕེལ་གྱི་མདུན་ལྗོངས་ལ་ལྟ་སྟངས་ཡག་པོ་འཛིན་པ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུངས་པའི་རང་རྒྱལ་དཔལ་འབྱོར་གོང་འཕེལ་གྱི་འཕེལ་རིམ་ཁྲོད། ང་ཚོས་དམངས་གཉེར་དཔལ་འབྱོར་ལ་ཟམ་མི་ཆད་པར་སྔར་བས་ལེགས་པའི་གོང་འཕེལ་གྱི་ཁོར་ཡུག་སྐྲུན་དགོས་པ་དང་། དམངས་གཉེར་དཔལ་འབྱོར་གོང་འཕེལ་འགྲོ་བའི་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ། དམངས་གཉེར་ཁེ་ལས་བསྒྱུར་བཅོས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་པའི་གལ་ཆེའི་གསུང་བཤད་ལ། ཉིན་ཤས་བསྟུད་མར། ཕྱི་རྒྱལ་བས་རྒྱ་ཁྱབ་དོ་ཁུར་དང་དགེ་མཚན་ལྡན་པའི་ལན་ཆ་བྱས་ཡོད། ཁོང་ཚོས་ཀྲུང་གོའི་དམངས་གཉེར་དཔལ་འབྱོར་གོང་འཕེལ་གྱི་མདུན་ལྗོངས་ལ་ཡོངས་ཁྱབ་ཏུ་ལྟ་སྟངས་ཡག་པོ་འཛིན་པ་དང་། དམངས་གཉེར་ཚོང་ལས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་བསྟུན་ནས། དམངས་གཉེར་དཔལ་འབྱོར་གྱིས་གསར་གཏོད་རྣམ་པའི་དཔལ་འབྱོར་སྐྲུན་རྒྱུར་གལ་ཆེའི་སྒུལ་ཤུགས་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དབྱིན་ཇེའི་ནོ་སིན་པི་ཡའི་སློབ་ཆེན་ཉེའུ་ཁ་སི་འར་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཞུང་ཡུས་ཀྱིས། དམངས་གཉེར་དཔལ་འབྱོར་གྱིས་ཀྲུང་གོའི་རེས་འཁོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་། དེ་བཞིན་སྒུལ་ཤུགས་གསར་རྙིང་བརྗེ་སྒྱུར་གྱི་འགག་རྩའི་དུས་སྐབས་སུ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད་པ་དང་། དམངས་གཉེར་དཔལ་འབྱོར་ནི་ཀྲུང་གོའི་དཔལ་འབྱོར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གསོན་ཤུགས་དམག་ཅིག་ཡིན་པ་དང་། གསར་སྐྲུན་གྱི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ནུས་པར་སྣང་ཆུང་བྱེད་མི་རུང་ཞེས་བསྟན་གནང་ཡོད།

དབྱིན་ཇེའི་དངུལ་རྩའི་ཀུང་སིའི་Infinoxམ་འཇོག་ཞིབ་འཇུག་པུའུ་ཡི་མཐོ་རིམ་དབྱེ་ཞིབ་པ་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་སྤྱི་གཉེར་གཅིག་ལྕོགས་ཕེང་ཉི་ཡིས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་༤༠ནང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། དེ་ནི་སྤྱི་དབང་ལམ་ལུགས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་ཕྱིན་པ་དང་ཁ་བྲལ་ཐབས་མེད་ཅེས་བསྟན་གནང་བ་དང་། ཁོང་གིས། དམངས་གཉེར་ཁེ་ལས་སྟོབས་ཇེ་ཆེར་འགྲོ་བ་དང་བསྟུན་ནས། ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་མཚོན་གྱི་ཡོད་པ་དང་མ་འོངས་པའི་དུས་ཚོད་ནང་དམངས་གཉེར་ཁེ་ལས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུའི་ངོས་འཛིན་གནང་ཡོད།

རིགས་གཅིག་མཁས་ཅན་ཁ་ཤས་ཀྱིས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བ་ནི་ཕན་ཚུན་ཕན་པ་ལྡན་པའི་འབྲེལ་བ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད།

དབྱིན་ཇེའི་རྒྱལ་སྤྱིའི་མྱུར་འདེད་འཕྲུལ་ཆས་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཝང་ཁྲུན་ཧྭ་ཡིས། དམངས་གཉེར་ཁེ་ལས་ཀྱིས་རང་ངོས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས་པ་དང་། འཕར་གནས་གསར་པ་གསར་སྐྲུན་བྱས་ཏེ། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་དེ་རེས་སྐོར་གསར་པའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་འགྱུར་བ་བྱ་དགོས་པའི་ངོས་འཛིན་གནང་ཡོད།

ཨ་རིའི་ཨའོ་པན་ཧའེ་མོ་ཐེབས་རྩ་ཀུང་སིའི་མཐོ་རིམ་སྤྱི་འདོམས་གཞོན་པ་ལི་ཧྲན་ཆོན་གྱིས། ཁེ་ལས་མཁས་པ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། དམངས་གཉེར་དཔལ་འབྱོར་གྱི་གསར་སྐྲུན་ལ་སྐུལ་ལྕག་བྱེད་པ་དང་། གསར་སྐྲུན་དང་བྱ་གཞག་གསར་གཏོད་ཁྲོམ་རའི་དཔལ་འབྱོར་འཁོར་སྐྱོད་ཀྱི་ཆོས་ཉིད་དང་མཐུན་པ་བྱ་དགོས། དེས་ཀྲུང་གོའི་དཔལ་འབྱོར་བརྗེ་སྒྱུར་རིམ་སྤོར་སྔར་བས་ལྷག་པ་ཡོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་ཡོད།

ཁེན་ཉི་ཡའི་དཔལ་འབྱོར་རིག་པ་མཁས་ཅན་ཝན་ཏེ་ལེས། དམངས་གཉེར་དཔལ་འབྱོར་ནི་ལས་རིགས་མང་པོའི་འཕར་སྣོན་གྱི་སྒུལ་ཤུགས་ཡིན། དཔེར་ན་དྲ་བའི་འཕྲིན་གཏོང་དང་། ལག་རྩལ་སྒྱུར་བཅོས་གསར་གཏོད། གསོ་སྤེལ་འཕྲུལ་འཁོར། ཞིབ་འཇུག་ཁྱབ་ཁོངས་སོགས་ཡིན། དམངས་གཉེར་དཔལ་འབྱོར་གྱིས་ཀྲུང་གོའི་དཔལ་འབྱོར་བརྗེ་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ་དང་། སྒྱུར་བཅོས་སྒོ་འབྱེད་ལེགས་གྲུབ་ཡོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དམངས་གཉེར་ཁེ་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་ཡང་དག་པའི་ལམ་བུ་ཞིག་ཡིན་བསྟན་གནང་བ་དང་།

ཁོང་གིས། ཚན་རྩལ་གསར་གཏོད་བརྒྱུད་ཀྲུང་གོའི་དམངས་གཉེར་ཁེ་ལས་ཁག་ཅིག་འཛམ་གླིང་རྩེར་སོན་ཁེ་ལས་སུ་འགྱུར་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པ་དང་ཆབས་ཅིག ཁྲོམ་རར་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་བ་དེས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་སྔར་ལས་ལྷག་པ་ཡོད་པའི་ངོས་འཛིན་གནང་ཡོད།

དོན་དངོས་ཐོག གང་འདྲ་བྱས་ནས་དམངས་གཉེར་དཔལ་འབྱོར་ལ་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་དམིགས་ནས། ཀྲུང་གོས་མིག་མཐོང་ལག་འཛིན་གྱི་བྱ་ཐབས་བཏོན་ཡོད། འཛམ་གླིང་དངུལ་ཁང་གིས་ཉེ་དུས་སྤྱི་ལོ་༢༠༡༩ལོའི་ཚོང་གཉེར་ཁོར་ཡུག་གི་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པའི་ནང་། ཀྲུང་གོས་འདས་ཟིན་པའི་ལོ་གཅིག་ནང་ཁེ་ལས་འབྲིང་ཆུང་གི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པར་ལག་བསྟར་བྱས་པའི་སྒྱུར་བཅོས་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་དེ། ད་ལོའི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱ་ཚད་འཛམ་གླིང་གི་མདུན་གྲལ་བཅུའི་ནང་ཚུད་ཡོད། ཀྲུང་གོའི་ཚོང་གཉེར་ཁོར་ཡུག་དེ་ན་ནིང་དང་བསྡུར་ན་རིམ་པ་སུམ་ཅུ་ཙམ་མཐོ་རུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།

ཕྱི་རྒྱལ་གྱི་མི་སྣས་ཡོངས་ཁྱབ་ཐོག་ཀྲུང་གོའི་དབུ་ཁྲིད་ནས་བཏོན་པའི་ཁེ་ལས་ཀྱི་ཁྲལ་དངུལ་ཁུར་པོ་ཡང་དུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་དངུལ་རྩ་རུབ་བསྡུས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ། འདྲ་མཉམ་འགྲན་རྩོད་བྱེད་པའི་ཁོར་ཡུག་གཏོད་པ། སྲིད་ཇུས་ལག་བསྟར་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། དྭངས་གཙང་དང་རྣམ་པ་གསར་པའི་སྲིད་འཛིན་དང་ཚོང་དོན་འབྲེལ་བ་འཛུགས་པ། ཁེ་ལས་མཁས་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྲིད་ཇུས་བྱ་ཐབས་བཏོན་པ་དེ་དག དོན་དངོས་དང་ཞིབ་ཕྲའི་ལག་ལེན་བསྟར་བ་དང་། གཏིང་ཟབ་ལ་ཁྱོན་ཡོངས་ལ་ཁྱབ་ཡོད་པས། དམངས་གཉེར་ཁེ་ལས་ཀྱི་གོང་འཕེལ་ཁོར་ཡུག་དེ་བས་ལེགས་པ་གཏོད་རྒྱུར་ཕན་ཐོགས་ཡོད་པ་དང་། དེས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱི་གསོན་ཤུགས་ལ་ཆ་རྐྱེན་གཏོད་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།