ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་སྟེང་གི་བརྗོད་དོན་གཙོ་བོའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་ལེགས་པོ་བྱས་པ།
སྤེལ་བའི་དུས་ཚོད། : 2018-11-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྒོ་འབྱེད་རྒྱ་སྐྱེད་དང་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་རྒྱུའི་དུས་རབས་ཀྱི་སྐད་སྒྲ་སྒྲོག་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་སྟེང་གི་བརྗོད་དོན་གཙོ་བོའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་ལེགས་པོ་བྱས་པ།

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྤྱི་ཚེས་༥ཉིན་ཧྲང་ཧེ་རུ་འགོ་ཚུགས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཙོ་དོན་གསུང་བཤད་གནང་བ་དང་། ཀྲུང་གོས་སྒོ་འབྱེད་ཀྱི་བྱ་ཐབས་གསར་བ་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཁག་གིས་གསར་གཏོད་ཁོག་ཡངས་ཀྱི་སྒོ་འབྱེད་ཅན་གྱི་འཛམ་གླིང་སྤྱི་ཚོགས་མཉམ་བསྐྲུན་བྱེད་རྒྱུའི་འབོད་སྐུལ་གནང་ཡོད། གྲོས་ཚོགས་སུ་ཞུགས་པའི་འཐུས་མི་དང་རྒྱལ་ཁབ་མང་པོའི་ཆབ་སྲིད་ལས་རིགས་དང་། རིག་གཞུང་ལས་རིགས་ཀྱི་མི་སྣ་ཡིས་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད་ནས་ཀྲུང་གོས་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་དང་། སྣེ་མང་ཅན་གྱི་ཉོ་ཚོང་ལམ་ལུགས་ལ་རྒྱབ་སྐྱོར། དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་ལ་རྒྱབ་སྐྱོར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་བརྡ་རྟགས་གལ་ཆེན་བཏང་བར་གདེང་འཇོག་ཡག་པོ་གནང་ཡོད།

ཞི་ཅིན་ཕིང་གི་གསུང་བཤད་ནང་། དཔལ་འབྱོར་གོ་ལ་ཅན་ནི་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་དང་། འཛམ་གླིང་དཔལ་འབྱོར་གྱི་གོང་འཕེལ་ལ་སྒུལ་ཤུགས་ནུས་ལྡན་འདོན་སྤྲོད་བྱས་ཡོད། མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་། བསྟུན་ཐབས། བེད་སྤྱོད་བཅས་བྱེད་ཆོག་མོད། འོན་ཀྱང་ལོ་རྒྱུས་ཆོས་ཉིད་ཀྱིས་ནུས་པ་འདོན་སྤེལ་བྱེད་པ་འགོག་ཐབས་བྲལ་བ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོ་མདུན་བསྐྱོད་བྱེད་རྒྱུ་ངེས་གཏན་ཡིན་ཞེས་བསྟན་གནང་ཡོད་པ་རེད།

ཧྥ་རན་སིའི་ཙུང་ལི་ཟུར་པ་རང་ཕེ་ཨར་ལ་ཧྥ་ལན་གྱིས་འདིར་མོས་མཐུན་ཡོད་ཚུལ་བསྟན་ཡོད་དེ། ཁོང་གིས། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་བཀའ་རྒྱ་ལ་རྒྱལ་ཁབ་ཁག་གིས་སེམས་ཁུར་རྒྱ་ཁྱབ་བྱེད་བཞིན་པའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཀྲུང་གོའི་སྣེ་མང་རིང་ལུགས་དང་རང་མོས་་ཉོ་ཚོང་ལ་རྒྱབ་སྐྱོར་བྱ་རྒྱུའི་ལངས་ཕྱོགས་བརྟན་པོ་གསལ་བོར་མཚོན་ཡོད། འདི་ནི་རྒྱུ་ནོར་གསར་བསྐྲུན་དང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལམ་ཆེན་ཡིན་པ་མ་ཟད། རྒྱལ་ཁབ་མང་ཆེ་བའི་གཅིག་མཐུན་གྱི་ངོས་འཛིན་ཡང་ཡིན། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ནི་རྒྱབ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པར་བརྟེན་དགོས་པ་ལས། ཆེར་རློམ་ཆུང་གནོན་ལ་བརྟེན་ནས་མངོན་འགྱུར་བྱ་དགོས་པ་ཞིག་མིན་ཞེས་གསུངས་ཡོད་པ་རེད།

སེ་ཨར་ཝེ་ཡ་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡེ་ཝོ་ན་ལ་ཅེ་ཝ་ཚེ་ཡིས། ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བའི་སྐབས་སུ་སྐབས་དང་པོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་འཚོག་པ་ནི། བསྒྱུར་བཅོས་སྒོ་དབྱེའི་ཁས་ལེན་ཡིན་པ་མ་ཟད། དེ་བས་ཀྱང་འཛམ་གླིང་གི་དཔལ་འབྱོར་སྒྲིག་སྲོལ་སྔར་བས་སྒོ་འབྱེད་ཅན་དུ་འཛུགས་སྐྱོང་བྱེད་པའི་དམ་བཅའ་ཡིན། དེ་དང་ཆབས་ཅིག་ཏུ་སྲུང་སྐྱོབ་རིང་ལུགས་དང་། ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བརྡ་གཏོང་བར་ངོས་འཛིན་གནང་བཞིན་ཡོད། ཁོང་གིས། ཀྲུང་གོས་གོ་ལ་ཧྲིལ་བོ་ཅན་བརྟན་སྲུང་བྱེད་པ་ཡིས་ཀྲུང་གོས་སྔར་བས་བརྟན་ལྷིང་ངང་དཔལ་འབྱོར་རིགས་བསྒྱུར་བྱེད་རྒྱུ་མངོན་འགྱུར་བྱེད་ཐུབ་པར་མ་ཟད། འཛམ་གླིང་དཔལ་འབྱོར་དང་ཕྱོགས་མང་ཉོ་ཚོང་ལ་སྒུལ་ཤུགས་གསར་བ་ཡང་ཁ་སྣོན་བྱེད་ཐུབ་ཅེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་གསུངས་བཤད་ནང་། རྒྱལ་ཁབ་ཁག་གིས་སྒོ་དབྱེའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དར་ཆ་གསལ་བཏོན་ངང་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཁག་གི་དཔལ་འབྱོར་མཉམ་སྒུལ་མཉམ་འདྲེས་ལ་སྐུལ་འདེད་་གཏོང་བ་བཅས་བྱས་ཏེ། མཉམ་དུ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་པ་བསྟན་གནང་ཡོད།

པེ་ཨུ་རུ་སུའི་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཉི་ན་ དབྱི་ཝན་ནོ་ཝས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུངས་བཤད་ཀྱིས་ཀྲུང་གོས་མུ་མཐུད་བསྒྱུར་བཅོས་སྒོ་དབྱེའི་རྒྱལ་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་བསྟན་ཡོད། ཀྲུང་གོས་རང་སོའི་དཔལ་འབྱོར་འཕར་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས། རང་སོའི་སྒོ་མོ་རྒྱབ་མེད་པ་མ་ཟད། དེ་ལས་ལྡོག་ཏེ་སྒོ་དབྱེ་བྱེད་ཤུགས་དེ་བས་ཆེ་རུ་བཏང་ཡོད། དེས་འཛམ་གླིང་དཔལ་འབྱོར་འཕར་སྣོན་དང་རྒྱལ་ཁབ་གཞན་རྣམས་ཀྱི་གོང་འཕེལ་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་གནང་ཡོད་པ་རེད།

རྒྱ་གར་ལྟ་ཞིབ་པའི་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་སུ་ཐིང་སྡེ་ལྷ་ ཁུར་ག་ཉིས། འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་ཕུལ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས། ཀྲུང་གོས་སྒོ་དབྱེ་ཁོག་ཡངས་དང་། མཉམ་ལས་གཉིས་རྒྱལ་གྱི་རྣམ་འགྱུར་བསྟན་ཡོད། རྒྱལ་ཁབ་རིམ་པའི་ནང་འདྲེན་འགྲེམ་ཚོགས་གཉེར་བའི་བྱ་ཐབས་དེ་བརྒྱུད་དེ། ཀྲུང་གོས་རང་སོའི་གོང་འཕེལ་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། ཀྲུང་གོས་རང་ངོས་གོང་འཕེལ་བཏང་བ་དང་དུས་མཚུངས། འཛམ་གླིང་ལ་མིང་རྒྱང་ཕྱོགས་པ་དང་། ཐུན་མོང་གོང་འཕེལ་ཡོང་བ་བྱས་པས། འཛམ་གླིང་དཔལ་འབྱོར་ལ་རེ་བ་གསར་པ་སྦྱིན་ཡོད། དེ་ནི་ཀྲུང་གོའི་ཇུས་་གཞིའི་མངོན་ཚུལ་གཞན་ཞིག་ཡིན་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས་གཏམ་བཤད་ཁྲོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཉིས་ཕན་མཉམ་རྒྱལ་ཀྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་། ཆུ་ཚད་མཐོ་བའི་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ། སྐམ་མཚོ་ཕྱི་ནང་མཉམ་སྦྲེལ་དང་། ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་སྐྱོར་གྱི་སྒོ་དབྱེའི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་རེད།

ཨུ་རུ་སུའི་༼ཨུ་རུ་སུ་དང་ཀྲུང་གོའི་དབྱེ་ཞིབ་ལྟེ་གནས་༽ཀྱི་ཀྲུའུ་རིན་ཤེར་ཀེན་ ས་ན་ཁེ་ཡེ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ཀྱིས། ཀྲུང་གོས་ཉོ་ཚོང་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བསྒྱུར་བཅོས་སྔར་བས་གཏིང་ཟབ་དང་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་རྒྱུའི་ཆོད་སེམས་མངོན་ཡོད། ཀྲུང་གོས་འཛམ་གླིང་དཔལ་འབྱོར་གོང་འཕེལ་ལ་སྒུལ་ཤུགས་གསར་པ་སྦྱིན་ནས། རོགས་པའི་རྒྱལ་ཁབ་རྣམས་དེ་བས་དམ་དུ་སྦྲེལ་རྒྱུ་རེད། དེ་ནི་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་པའི་མངོན་ཚུལ་ཡག་ཤོས་ཡིན་ཞེས་བསྟན་གནང་ཡོད།

ལྷོ་ཨ་ཧྥེ་རེ་ཁ་ཚད་ལྡན་དངུལ་ཁང་ཚོགས་པའི་དཔོན་རིགས་ཝེ་ནོ་སྡེ་ མ་ཟླ་ཧྥན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཏམ་བཤད་ཁྲོད་ཀྲུང་གོས་མུ་མཐུད་འཛམ་གླིང་དང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་བསྟན་གནང་བར་སེམས་སྐུལ་ཆེན་པོ་ཐེབས་ཡོད། ཁོང་གིས་དེས་རྒྱ་ཆེའི་ཨ་ཧྥེ་རེ་ཁའི་རྒྱལ་ཁབ་ནས་འཛམ་གླིང་དཔལ་འབྱོར་གོང་འཕེལ་ཁྲོད་དེ་བས་ཡག་པ་ཞུགས་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་ཡོད། ཁོང་གིས་ད་དུང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་ཀྱིས་ཨ་ཧྥེ་ར་ཁར་འཛམ་གླིང་ཉོ་ཚོང་ཁྲོམ་རའི་ནང་ཞུགས་རྒྱུའི་གོ་སྐབས་ཞིག་བསྐྲུན་རྒྱུ་དང་། ཨ་ཧྥེ་རེ་ཁའི་རྒྱལ་ཁབ་དང་ཁེ་ལས་ཀྱིས་ཕྱིར་གཏོང་སྣེ་ཁྲིད་ཅན་གྱི་འཕར་སྣོན་མངོན་འགྱུར་ཡོང་རྒྱུར་གོ་སྐབས་ཆེན་པོ་བསྐྲུན་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།